ཀྲང་ལིས་ཀྱིས་རྒྱལ་ཡོངས་ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་ཚོགས་འགོ་བརྩམས་རྗེས་རང་ཞིང་གི་འཐུས་མི་ལ་ཐུག་འཕྲད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན། ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་ཚོགས་འགོ་བརྩམས་པ་དང་ཚོགས་ཆེན་དེ་བརྙན་འཕྲིན་དང་ཁ་པར་གྲོས་ཚོགས་ཀྱི་རྣམ་པར་བརྟེན་ནས་བསྡུས་ཤིང་། པེ་ཅིན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་ཞིང་ཆེན་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་ཡོད། ཧྲིན་ཀྲང་གཞོན་པ་ཀྲང་ལིས་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཚོགས་འགོ་བརྩམས་པའི་གྲོས་ཚོགས་ཀྱི་རྗེས་ནས་རང་ཞིང་གི་འཐུས་མི་ལ་ཐུག་འཕྲད་བྱས།

ཀྲང་ལིས་ཀྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་གོང་འཕེལ་དུ་འགྲོ་བར་རྒྱབ་སྐྱོར་བྱས་ཏེ། ལོ་ཆུང་བྱིས་པར་དོན་དངོས་དང་དོན་བཟང་གང་མང་བསྒྲུབ་དགོས་པ་དང་། རིམ་པ་སོ་སོའི་སློབ་གསོ་ལས་ཁུངས་ཀྱིས་དུས་རབས་གསར་བའི་ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་བ་དེ་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ལྔ་སྐྱོང་མཉམ་འཛིན་གྱི་སློབ་གསོའི་མ་ལག་ཁྲོད་དུ་འཇོག་དགོས། རིམ་པ་སོ་སོའི་གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱིས་ཆབ་སྲིད་དང་རྩ་འཛུགས། དཔུང་སྡེ། བྱ་བ་བཅས་ཀྱི་ཐད་ནས་ལོ་ཆུང་གདོང་ལེན་རུ་ཁག་ལ་སྣེ་ཁྲིད་བཟང་བོ་བྱེད་དགོས། རིམ་པ་སོ་སོའི་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་དང་རྒྱ་ཆེའི་ལོ་ཆུང་བྱིས་པའི་བྱ་བ་སྒྲུབ་མཁན་གྱིས་ཏང་གི་དོན་དུ་མི་གསོ་སྐྱོང་བྱེད་པ་དང་རྒྱལ་ཁབ་ཀྱི་དོན་དུ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་འགན་འཁྲི་ལྗིད་མོ་ཁག་ཁུར་བྱེད་དགོས། ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་ཧུར་ཐག་སྒོས་ལོ་ཆུང་བྱིས་པ་འཚར་ལོངས་བྱུང་བར་ཕན་པའི་ཁོར་ཡུག་བཟང་བོ་གསར་སྐྲུན་བྱེད་དགོས་ཟེར།

རྒྱལ་ཡོངས་ལོ་ཆུང་གདོང་ལེན་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པར་རང་ཞིང་གི་འཐུས་མི་བཅུ་དྲུག་ཞུགས།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།