མཚོ་སྔོན་ཞིང་ཆེན་གྱི་ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་རིམ་བཞིན་སླར་གསོ་བྱུང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པར་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཟླ་དྲུག་པའི་ཟླ་མཇུག་བར་ཞིང་ཆེན་ཡོངས་ཀྱི་མེ་འཁོར་གཏོང་ཐེངས་དང་དུས་གཏན་མེ་འཁོར་གྱི་ཐེངས་གྲངས་གཏོང་ཉུང་ཤོས་སྐབས་མེ་འཁོར་གཏོང་ཐེངས་9དང་དུས་གཏན་གནམ་གྲུ་གཏོང་ཐེངས་11ནས་གཏོང་ཐེངས་21དང་100བར་རིམ་གྱིས་སླར་གསོ་ཐུབ་པ་དང་། ན་ནིང་གི་དུས་མཚུངས་ཆུ་ཚད་ཀྱི་84%དང་80%སོ་སོར་སླར་གསོ་ཐུབ་ནས་ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་གྱི་འཕེལ་ཕྱོགས་བཟང་པོ་མངོན་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སླར་གསོར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན(ཞིང་ཆེན་ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ་འཛུགས་སྐྲུན་མཐུན་སྦྱོར་གཞུང་ལས་ཁང)གྱི་ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་གྱི་དུས་བབ་ལ་དོ་ཁུར་ཟབ་མོ་བྱས་ནས། ཕྱོགས་མང་པོའི་ཐོན་ཁུངས་དང་ཆ་འཕྲིན་བསྡུ་སྒྲིལ་བྱེད་པ་དང་། སྐྱེལ་འདྲེན་གྲངས་གཞིར་ལྟ་དཔྱད་དབྱེ་ཞིབ་བྱེད་པ། དགེ་མཚན་ལྡན་པའི་བྱེད་ཐབས་ནུས་ལྡན་སྤྱོད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་འགྲིམ་འགྲུལ་འགན་སྲུང་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་སྤྱི་འདོམས་མཐུན་སྦྱོར་བཅས་བྱས་ཡོད། ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱི་ལྕགས་ལམ་ཐོག་བརྒྱུད་འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་དང་བསྡུར་ན་གཅིག་ཆག་པ་དང་གཅིག་འཕར་བ་དང་། ལོ་སྟོད་དང་བསྡུར་ན་རྒྱུན་མཐུད་འཕར་ཡོད། ལྕགས་ལམ་བརྒྱུད་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཁྲི་287.76ཟིན་ནས་ན་ནིང་གི་དུས་མཚུངས་དང་བསྡུར་ན་44%ཆག་ཡོད། འོན་ཀྱང་ལོ་སྟོད་དང་བསྡུར་ནས་འཕར་ཚུལ་ལ་དབྱེ་ཞིབ་བྱས་ན། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་བརྟན་པོའི་ངང་རིམ་བཞིན་འཕར་བའི་རྣམ་པ་མངོན་པ་དང་། ཆ་སྙོམས་འཕར་ཚད་54.38%ཟིན་ཡོད། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་1819.72ཟིན་པ་དང་དུས་མཚུངས་དང་བསྡུར་ན་25.7%འཕར་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཐོག་མའི་དུས་སུ་ཞིང་ཆེན་ཡོངས་ཀྱིས་གོ་སྐབས་ལ་དམ་འཛིན་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་འཕྲལ་སྡོམ་དངོས་ཟོག་སྐྱེལ་འདྲེན་འགན་སྲུང་གི་ལས་དོན་ཡག་པོ་སྒྲུབ་པའི་རྨང་གཞིའི་ཐོག་རིན་གོང་སྙོམས་སྒྲིག་དང་། ཟོག་ཁུངས་གསར་སྤེལ། དབོར་འདྲེན་བྱེད་ཤུགས་བཀོད་འདོམས་སོགས་ཀྱི་བྱེད་ཐབས་སྤྱད་དེ་དངོས་ཟོག་སྐྱེལ་འདྲེན་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་བས། དངོས་ཟོག་དབོར་འདྲེན་གྱི་ཆ་སྙོམས་བསྡུར་ཚད་ཀྱི་འཕར་ཚད་4%ཟིན་ཏེ་འཕར་ཚུལ་བཟང་པོ་ཡོད། དེ་དང་དུས་མཚུངས་ཞིང་ཆེན་ཡོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་དངོས་ཟོག་སྐྱེལ་འདྲེན་དུས་མཚུངས་ལས་ཆག་པ་དང་། ལོ་སྟོད་དང་བསྡུར་ན་མགྱོགས་མྱུར་འཕར་ཡོད། ཟླ་དྲུག་པའི་ཟླ་མཇུག་ཏུ་མཚོ་སྔོན་གྱི་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་སླར་གསོའི་ཆུ་ཚད་རྒྱལ་ཡོངས་ཀྱི་ཨང་དྲུག་པ་དང་ནུབ་བྱང་གི་ཨང་དང་པོར་སླེབས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།