མཚོ་སྔོན་གྱིས་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་མ་དངུལ་ལེགས་སྒྲིག་བྱས་ཏེ་མི་ཁྲི47ལ་ཁེ་ཕན་ཐོབ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་ཉེ་ལམ《2020ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩིའི་རྒན་གསོ་དངུལ་ལེགས་སྒྲིག་བྱེད་པའི་བརྡ་སྦྱོར》འགྲེམ་གཏོང་བྱས་ཤིང་། ལེགས་སྒྲིག་བྱས་རྗེས་ཁེ་ལས་དང་ལས་དོན་ལས་ཁུངས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་ཟླ་རེའི་གཞི་རྩའི་རྒན་གསོ་དངུལ་ཆ་སྙོམས་སུ་སྒོར218ཡས་མས་ཇེ་མང་དུ་སོང་ཡོད་ཅིང་། ལེགས་སྒྲིག་བྱེད་ཚད5%འཕར་ཡོད་དེ། ཞིང་ཆེན་ཡོངས་ཀྱི་ལས་འཁྱུར་ངལ་གསོ་མི་སྣ་ཁྲི47ལ་ཕན་ཐོགས་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ལེགས་སྒྲིག་ཁྱབ་ཁོངས་ནི་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་དང་ལས་དོན་ལས་ཁུངས་ཀྱི་གཞི་རྩའི་འགན་བཅོལ་ཁྲོད་ཞུགས་པའི2019ལོའི་ཟླ12པའི་ཚེས31ཉིན་གྱི་སྔོན་ལ་འབྲེལ་ཡོད་གཏན་ཁེལ་ལྟར་ལས་འཁྱུར་ངལ་གསོ་འགྲོ་ལུགས་སྒྲུབ་ཏེ་ཟླ་ལྟར་གཞི་རྩའི་རྒན་གསོ་དངུལ་ལེན་པའི་ལས་འཁྱུར་ངལ་གསོ་མི་སྣ་དང་། འབྲེལ་ཡོད་ཡིག་ཆའི་གཏན་འབེབས་ལྟར་ཁེ་ལས་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་ཁྱབ་ཁོངས་ཁྲོད་བཅུག་ཏེ་ཟླ་ལྟར་གཞི་རྩའི་རྒན་གསོ་དངུལ་ལེན་པའི་མི་སྣ་ཡིན། ལེགས་སྒྲིག་དུས་ཚོད་ནི2020ལོའི་ཟླ1པོའི་ཚེས1ཉིན་ནས་ཡིན།

ངོ་སྤྲོད་བྱས་པ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་གཏན་འབེབས་ལྟར“བཅད་གྲངས་ལེགས་སྒྲིག་དང་། འབྲེལ་འཛུགས་ལེགས་སྒྲིག གཟིགས་སྐྱོང་འོས་འཚམ”བཅས“ཟུང་འབྲེལ་གསུམ”གྱི་ལེགས་སྒྲིག་བྱེད་ཐབས་སྤྱད་དེ། བཅད་གྲངས་ལེགས་སྒྲིག་བྱས་པའི་ལས་འཁྱུར་ངལ་གསོ་མི་སྣ་མི་རེར་ཟླ་རེར་སྒོར69ཇེ་མང་དུ་བཏང་། འབྲེལ་འཛུགས་ལེགས་སྒྲིག་བྱས་པར་ཕྱོགས་གཅིག་ནས་དངུལ་སྤྲོད་ལོ་ཚད་དང་འབྲེལ་བ་ཡོད་པ་དང་དངུལ་སྤྲོད་ལོ་ཚད་ལོ15དང་དེ་མན་ཡིན་པར་མི་རེར་ཟླ་རེར་སྒོར45ཇེ་མང་དུ་བཏང་། ལོ15ཡན་ལ་སྒོར45རེ་ཇེ་མང་དུ་གཏོང་བའི་རྨང་གཞིའི་སྟེང་གྲོན་དངུལ་ལོ1ཇེ་མང་དུ་བཏང་ཚེ་མི་རེར་ཟླ་རེར་སྒོར3ཇེ་མང་དུ་བཏང་། གཉིས་ནི་གཞི་རྩའི་རྒན་གསོ་མ་དངུལ་གྱི་ཆུ་ཚད་དང་འབྲེལ་བ་ཡོད། ལས་འཁྱུར་ངལ་གསོ་མི་སྣས2019ལོའི་ཟླ12པར་རང་ཉིད་ཀྱི་གཞི་རྩའི་རྒན་གསོ་དངུལ་གྱི་བསྡོམས་འབོར(དགུན་དུས་དྲོད་ལེན་གྲོན་དངུལ་གྱི་ཁ་གསབ་ཚུད་པ། ལས་དོན་ལས་ཁུངས་ཀྱི་ལས་འཁྱུར་ངལ་གསོ་མི་སྣར་ལས་རིགས་ཀྱི་ལོ་ཕོགས་ཐོབ་ཐང་ཚུད་མེད་པ)གྱི0.8%ལེགས་སྒྲིག་དང་ཇེ་མང་དུ་བཏང་ཡོད། སྒོར་15ལས་དམའ་བ་ཡིན་ན་སྒོར15ཇེ་མང་དུ་གཏོང་རྒྱུ་ཡིན། དེ་དང་ཆབས་ཅིག་དཀའ་ཚེགས་ཆེ་བའི་ས་ཁུལ་གྱི་རྒྱུ་རྐྱེན་ལེགས་སྒྲིག་ལ་མུ་མཐུད་བསམ་བློ་གཏོང་བ་དང་འབྲེལ་ས་ཁུལ་མི་འདྲ་བར་གཞིགས་ནས་གཟིགས་སྐྱོང་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།