ཞིན་ཧེ་རྫོང་གིས་འོ་མའི་དབུལ་སྐྱོར་ཉམས་ལེན་ཁང་ཐོག་མ་ཟི་ལིང་དུ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ7པའིཚེས22ཉིན།  ཞིན་ཧེ་རྫོང་གིས་འོ་མའི་དབུལ་སྐྱོར་ཉམས་ལེན་ཁང་དངོས་སུ་ཟི་ལིང་དུ་ལས་གཉེར་བྱེད་འགོ་ཚུགས་པ་དང་། འདི་ནི་ཞིན་ཧེ་རྫོང་གིས་རྒྱལ་ཁབ་ཀྱི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་བཏང་བའི་དཔེ་སྟོན་རྫོང་གི་རྣམ་གྲངས་ལག་བསྟར་བྱས་པའི་ཞིང་ཆེན་དང་ཟི་ལིང་གྲོང་ཁྱེར་དུ་བཙུགས་པའི་འབྲིའི་འོ་མའི་ཆེད་ཚོང་ཁང་ཐོག་མ་ཡིན། འབྲིའི་འོ་མ་ནི་འོ་མའི་ཁྲོད་ཀྱི་ཆེས་རྩེ་གྲ་ཡིན་པས་མཚོ་སྔོན་གྱི་མི་དམངས་རྣམས་ཧ་ཅང་དགའ་སྤྲོ་སྐྱེས་བཞིན་ཡོད། ཡིན་ཡང་ནོར་གནག་གི་འོ་མ་རྩ་ཆེན་ཡིན་པ་དང་།  གསོག་ཉར་བྱེད་དཀའ་བ།  སྐྱེལ་འདྲེན་ཐག་རིང་བ་སོགས་ཀྱི་རྐྱེན་གྱིས་ཞིང་ཆེན་ལྟེ་གནས་ཀྱི་ཁྲོམ་རའི་ནང་ཐོན་པར་དཀའ་ཁག་ཆེན་པོ་ལྡན།  2018ལོ་ནས་བཟུང་ཞིན་ཧེ་རྫོང་གིས་འབྲིའི་འོ་མའི་ཐོན་ལས་དེ་རྫོང་ཁོངས་ཀྱི་དྲ་ཐོག་ཚོང་དོན་གྱི་ཐོན་རྫས་གཙོ་བོར་བཏང་བས།  ལས་རིགས་གཙོ་བོ་འབུར་དུ་ཐོན་པ་དང་ལས་རིགས་མང་པོ་མཉམ་དུ་འཕེལ་རྒྱས་ཀྱི་ཐོན་ལས་རྣམ་པ་གྲུབ་ཡོད།

མིག་སྔར་འོ་མའི་འཚོལ་བསྡུ་དང་གསོག་ཉར།  སྐྱེལ་འདྲེན།  ལས་སྣོན་བཅས་ཐོན་ལས་ཅན་གྱི་གཉེར་སྐྱོང་མ་ལག་ཅིག་ཆགས་ཡོད་པ་རེད།  ཐེངས་འདིའི་ལས་གཉེར་བྱེད་འགོ་ཚུགས་པའི་ཉམས་ལེན་ཁང་གིས་ལས་ཡུལ་དངོས་སུ་ལས་སྣོན་བྱེད་པའི་བྱེད་ཐབས་སྤྱད་དེ།  དྲོད་ཚད་དམའ་སར་གསོག་ཉར་བྱས་པའི་འོ་མའི་སྲིན་འབུ་བསད་རྗེས་ཕྱིར་འཚོང་བྱེད་བཞིན་ཡོད་པས། ཚད་ཆེས་ཆེ་བའི་སྒོ་ནས་འོ་མའི་འཚོ་བཅུད་ཀྱི་གྲུབ་ཆ་དང་ཕན་ཡོད་གྲུབ་གཤིས་དངོས་རྫས་སོར་བཞག་བྱས་པས། ཞིང་ཆེན་གྱི་གྲོང་མིས་ལྷད་མེད་ཀྱི་འོ་མ་ལོངས་སུ་སྤྱད་ཆོག་པ་དང་གྲོང་མིའི་དགོས་མཁོ་ནུས་ལྡན་ངང་ཐག་གཅོད་བྱས་པ་རེད།

ཚོང་ཁང་ནང་དུ་ད་དུང་ཞིན་ཧེ་རྫོང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་བཙོང་བཞིན་ཡོད་པ་དང་།  ཕྱིར་ཚོང་བྱས་པའི་ཐོན་རྫས་ཚང་མར་གཟབ་ནན་གྱིས་བདེ་འཇགས་ཞིབ་དཔྱད་ཚད་ལེན་ནན་པོ་བྱས་པ་བརྒྱུད།  འབྱུང་རྩ་ནས་བདེ་ཐང་དང་བདེ་འཇགས་ལ་ཁག་ཐེག་བྱས་ཡོད།  ཤེས་རྟོགས་བྱུང་བར་གཞིགས་ན།  མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཁོངས་གཏོགས་མཚོ་སྔོན་ཚགས་པར་ལས་རིགས་འགྲེམས་སྤེལ་ཟོག་འགྲེམས་ཚད་ཡོད་ཀུང་སིས་རྒྱལ་ཁབ་ཀྱི་གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་དཔེ་སྟོན་རྫོང་གི་ལས་གཞི་ལག་བསྟར་བྱེད་པའི་གོ་སྐབས་དང་བསྟུན་ནས།  བློ་ཁོག་ཆེན་པོས་དབུལ་སྐྱོར་བསམ་ཕྱོགས་གསར་གཏོད་བྱས་ཏེ་རང་ངོས་ཀྱི་ལེགས་ཆར་བརྟེན་ནས་དབུལ་སྐྱོར་ཉམས་ལེན་ཁང་བཙུགས་པ་རེད།  འཛད་སྤྱོད་དབུལ་སྐྱོར་བྱེད་སྟངས་གསར་བར་སྔར་བས་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ།  འཛད་སྤྱོད་དབུལ་སྐྱོར་གྱི“མཐའ་མའི་སྤྱི་ལེ་གཅིག”ཤར་བགྲོད་གང་ཐུབ་བྱས་ཡོད།  དབུལ་སྐྱོར་ཐོན་རྫས་བྲིན་ཚོང་དཀའ་བའི་གནད་དོན་ལ་ནན་ཏན་གྱིས་ཐག་གཅོད་བྱས་ནས་དབུལ་ཐར་འགག་སྒྲོལ་ལ་གསོན་ཤུགས་གསར་བ་བསྣན་པ་དང་སྒུལ་ཤུགས་གསར་བ་བསྣན་པ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།