ཁོང་ཡུང་གིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་རིམས་ནད་འགོག་སྲུང་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས20ཉིན།  མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་རིམས་ནད་འགོག་སྲུང་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་གཞོན་པ་ཁོང་ཡུང་གིས་ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་གཙོ་གནད་སྤེལ་གནས་དང་། གཙོ་གནད་གནས་ཚིགས། གཙོ་གནད་གོ་རིམ་བཅས་ཀྱི་རིམས་ནད་འགོག་སྲུང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པར་ཕེབས། 

ཁོང་ཡུང་སྔ་གཞུག་ཏུ་མཚོ་སྔོན་མགྲོན་ཁང་དང་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས། ཟི་ལིང་ཧྥུའུ་ལི་ཝན་ཏཱ་ཅ་ཧྭ་མགྲོན་ཁང་བཅས་སུ་ཕེབས་ནས་འགྲེམས་ཚོགས་ཀྱི་གནས་ཡུལ་དང་། འགྲེམས་ཁང་།འགོ་ཚུགས་མཛད་སྒོའི་ཚོགས་རའི་རིམས་ནད་འགོག་སྲུང་གི་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་ཡུལ་དངོས་ཞིབ་བཤེར་བྱས་པ་མ་ཟད། ཡུལ་དངོས་སུ་ཚོགས་འདུ་འཚོགས་ཏེ་འཕྲོད་བསྟེན་བདེ་ཐང་དང་བཟོ་འཕྲིན། ཟི་ལིང་གྲོང་ཁྱེར། གནམ་གྲུ་ཐང་། ལྕགས་ལམ་སོགས་ཐད་ཀྱི་གནས་ཚུལ་གྱི་སྙན་ཞུར་གསན་པ་དང་། ཉམས་ཞན་གོ་རིམ་ལ་ཤུགས་སྣོན་བརྒྱབ་ནས་འགན་ལེན་ཞབས་ཞུའི་ལས་དོན་ཏན་ཏིག་ངང་བསྒྲུབ་པའི་ཐད་བླང་བྱ་བཏོན།  ཁོང་གིས་ནན་གྱིས་བསྟན་དོན། སྐབས21པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ནི་མཚོ་སྔོན་ཞིང་ཆེན་གྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྲུང་རྒྱབ་ལྗོངས་འོག་བསྡུས་པའི་ཕྱོགས་བསྡུས་རང་བཞིན་གྱི་འགྲེམས་ཚོགས་ཆེ་གྲས་དང་པོ་ཡིན་པས། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོས་ཚད་མཐོའི་མཐོང་ཆེན་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས་སྟབས་བདེ་སྤྱོད་སླ་བའི་འགོག་སྲུང་བྱ་ཐབས་སྤྱད་དེ་ཚོགས་འདུའི་རྣམ་པ་བཟང་པོ་བཏོད་ནས་ཧུར་ཐག་གིས་ཕན་འབྲས་ཆེ་ལ་སྤུས་ཚད་མཐོ་བའི་ཞབས་ཞུ་བྱེད་དགོས། འབྱུང་རྩའི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་གནམ་གྲུ་ཐང་དང་བབས་ཚུགས་ཀྱི་ལས་ཀའི་ཆེད་ལས་དཔུང་ཁག་གི་སྟོབས་ཤུགས་ཆེ་རུ་བཏང་ནས་ཞིང་ཆེན་གྱི་འགག་སྒོ་དང་པོ་བརྟན་སྲུང་མཐའ་གཅིག་ཏུ་བྱེད་དགོས། གཙོ་གནད་མི་ཚོགས་དང་གཙོ་གནད་ས་གནས། གཙོ་གནད་གནས་ཚིགས་བཅས་ལ་དམ་པོར་དམིགས་ནས་དུག་སེལ་བྱེད་ཐེངས་མང་དུ་གཏོང་བ་དང་རིམ་བགོས་རིགས་དབྱེ་དང་གནད་ལ་འཁེལ་བའི་སྒོ་ནས་འགོག་སྲུང་ཐབས་ཇུས་ལག་བསྟར་བྱེད་དགོས། ཁ་གཏད་སྣེ་ལེན་ལས་ཁུངས་ཀྱི་འགན་འཁྲི་ཏན་ཏིག་སྒོས་སྒྲུབ་ཏེ་མི་སྣ་གསོ་སྦྱོང་ལ་ཤུགས་སྣོན་དང་ཤ་ཚའི་དྲན་སྐུལ་བྱས་ལ། དུས་ཐོག་ཏུ་གནས་ཚུལ་ལ་རྗེས་སྙེག་ཅིང་ཁོང་དུ་ཆུད་པ་བཅས་བྱས་ནས་ཞབས་ཞུ་འགན་ལེན་ལས་དོན་ཁྱོན་ཡོངས་ནས་ཡག་པོ་སྒྲུབ་དགོས། འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དང་གནས་གཏན་སྨན་བཅོས། རིམས་འགོག་སྒྲིག་ཆས། འགོག་སྲུང་དངོས་ཟོག་བཅས་ཀྱི་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ཤིང་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་བཏང་སྟེ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་བདེ་འཇགས་དང་བདེ་བླག་ངང་བསྡུ་བར་འགན་སྲུང་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན། ། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།