ད་ལོར་ཟི་ལིང་གྲོང་ཁྱེར་གྱིས་ལས་དོན་ལས་ཁུངས་ཀྱི་ལས་གནས934མཁོ་འདོན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ7པའི་ཚེས16ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་གྱི་ལས་དོན་ལས་ཁུངས་ཀྱི་ཡོངས་བསྒྲགས་གདན་ཞུ་དང“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་མི་སྣ་བསྡུ་བའི་བྱ་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ད་ལོར་ཟི་ལིང་གྲོང་ཁྱེར་གྱིས་ལས་དོན་ལས་ཁུངས་ཀྱི་ལས་གནས934དང“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་ལས་གནས170མཁོ་འདོན་བྱས་ཡོད་པ་རེད།

ཐབས་ལམ་མང་པོའི་ཐོག་ནས་ལས་གནས་གསར་སྤེལ་བྱས་ཏེ་སློབ་ཆེན་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱ་ཆེད་ད་ལོར་ཟི་ལིང་གྲོང་ཁྱེར་གྱིས་ལས་དོན་ལས་ཁུངས་ཀྱི་ལས་གནས934མཁོ་འདོན་བྱས་པ་དང་། དེའི་ནང་སློབ་གསོའི་ཁོངས་གཏོགས་ཀྱི་མི553དང་། སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ཀྱི་མི132། དེ་བཞིན་ལས་དོན་ལས་ཁུངས་གཞན་དག་གི་མི236དང་། དཔྱད་ཞིབ་དང་གདན་ཞུ་མི13བཅས་ཡོད་ལ། “རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་”གི་འཆར་གཞིའི་ལས་གནས170ཡོད་པ་རེད། ལས་དོན་ལས་ཁུངས་ཀྱི་གདན་ཞུའི་གྲངས་འབོར་ན་ནིང་ལས64ཡིས་མང་དུ་ཕྱིན་ནས7.2%འཕར་བ་དང་། “རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་ལྟར་བསྡུས་བའི་གྲངས་འབོར་དེ་ན་ནིང་ལས30ཡིས་ཇེ་མང་དུ་སོང་ནས21.4%འཕར་ཡོད་པ་རེད།

ཟི་ལིང་གྲོང་ཁྱེར་གྱི་ལས་དོན་ལས་ཁུངས་ཀྱི་གདན་ཞུ་དེ་སྐོར་ཐེངས་གསུམ་ལ་དབྱེ་ནས་སྤེལ་རྒྱུ་ཡིན་ཞིང་། ཁག་དང་པོར་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གདན་ཞུ་བྱེད་པ་དང་། སློབ་གྲྭ་འབྲིང་ཆུང(བུ་བཅོལ་ཁང)གི་དགེ་རྒན553བསྡུ་རྩིས་ཡོད་ལ་ད་ལོའི་ཆ་སྙོམས་རྒྱུགས་སྤྲོད་བསྡུར་གྲངས1:12.4ཡིན་པ་རེད། ཁག་གཉིས་པ་ནི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་ལས་དོན་ལས་ཁུངས་གཞན་དག་གི་རྒྱུན་ལྡན་གྱི་གདན་ཞུ་ཡིན་ལ། མིང་ཐོ་འགོད་མཁན་མི་གྲངས14065ཡོད་པ་དང་། ཆ་སྙོམས་ཐོ་འགོད་རྒྱུགས་སྤྲོད་ཀྱི་བསྡུར་ཚད་ནི1:42.8ཡིན། ཡིག་རྒྱུགས་དེ་ཟླ7པའི་ཚེས25ཉིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་མི་དོན་རྒྱུགས་ལེན་ལྟེ་གནས་ཀྱིས་སྒྲིག་འཛུགས་བྱས་པའི་རྒྱལ་ཡོངས་ཀྱི་མཉམ་འབྲེལ་རྒྱུགས་ལེན་ནང་ཞུགས་དགོས་ལ། ཟི་ལིང་རྒྱུགས་ཁུལ་དུ་རྒྱུགས་ཚིགས16བཙུགས་ཡོད་པ་རེད། ཁག་གསུམ་པ་ནི་དཔྱད་ཞིབ་གདན་ཞུ་བྱས་ནས་མི་སྤྱོད་ལས་ཁུངས་ཀྱི་གཙོ་སྐྱོང་སྡེ་ཁག་གིས་དཔྱད་ཞིབ་བསྡུ་ལེན་གྱི་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་ཏེ། གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ལ་ཞིབ་བཤེར་ཆོག་མཆན་ཞུས་རྗེས་མི་སྤྱོད་ལས་ཁུངས་ཀྱི་གཙོ་འགན་སྡེ་ཚན་གྱིས་སྒྲིག་འཛུགས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

དེ་དང་ཆབས་ཅིག“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་མི་སྣ170བསྡུས་ནས་རྫོང(ཆུས)མན་གྱི་ཤང་གྲོང་དང་གཞི་རིམ་ལས་ཁུངས་སུ་སློབ་སྐྱོར་དང་། ཞིང་སྐྱོར། སྨན་བཅོས་རོགས་སྐྱོར། དབུལ་སྐྱོར་གསར་སྤེལ། སྤྱི་བའི་ལས་ཞུགས། སྤྱི་ཚོགས་འགན་སྲུང་སོགས་ཀྱི་ཞབས་འདེགས་ཞུ་རྩིས་ཡོད་པ་རེད། ཞིབ་ཕྲའི་དུས་ཚོད་བཀོད་སྒྲིག་ནི་ཟླ8པའི་ཚེས24ཉིན་ནས་ཟླ8པའི་ཚེས30ཉིན་བར་དྲ་ཐོག་ནས་མིང་ཐོ་འགོད་པ་དང་ཟླ9བའི་ཚེས12ཉིན་གཅིག་གྱུར་ཐོག་ཞིང་ཆེན་ཡོངས་ཀྱི་ཡིག་རྒྱུགས་ནང་ཞུགས་རྒྱུ་དང་། ཟླ10བའི་ཟླ་འགོར་ལས་གནས་སུ་མངག་གཏོང་བྱ་རྒྱུ་ཡིན་པ་རེད།

ཟི་ལིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ད་དུང་ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུས་དང་ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་དང་མཉམ་དུ་ཟི་ལིང་གྲོང་ཁྱེར་གྱི་ལས་དོན་ལས་ཁུངས་ཀྱི་གདན་ཞུ་དང“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་གདན་ཞུའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཏེ་སྔར་བས་ཆུ་ཚད་མཐོ་བའི་སྒོ་ནས་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་མཚོན་གྲོང་ཁྱེར་འཛུགས་སྐྲུན་དང་དུས་རབས་གསར་པའི་བདེ་སྐྱིད་ཟི་ལིང་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་ཆེད་ཤེས་ལྡན་མི་སྣའི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་པ་རེད། །

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།