2020ལོའི་ཆུ་འགོ་སྙེག་པ་ཞེས་པའི་སློབ་གྲྭ་ཆེ་འབྲིང་གི་དང་བླངས་པའི་སྤྱི་ཚོགས་ལག་ལེན་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས21ཉིན། ཆུ་མགོ་སྙེག་པ་ཞེས་པའི2020ལོའི་སློབ་གྲྭ་ཆེ་འབྲིང་གི་དང་བླངས་པའི་སྤྱི་ཚོགས་ལག་ལེན་བྱ་འགུལ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མགོ་མང་གྲོང་རྡལ་བྲག་དཀར་སྡེ་བར་སྤེལ། བྱ་འགུལ་གྱིས་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་ཁོར་ཡུག་སློབ་གསོ་དང་། སྐྱེ་ཁམས་མྱོང་རོལ་སོགས་ཀྱི་ནང་དོན་ལ་བརྟེན་ནས། ཐོན་ཁུངས་རྟོག་ཞིབ་ཀྱི་རྨང་གཞིའི་སྟེང་ཚན་རིག་རྟོག་ཞིབ་དང་། ཞིབ་འཇུག  ལྟ་ཞིབ་ཚད་ལེན། དེ་མིན་ཁོར་ཡུག་ས་གཤིས་ཞིབ་འཇུག་སོགས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སློབ་གསོའི་ནང་དོན་དང་རྣམ་པ་སྔོག་འདོན་བྱེད་པ་དམིགས་ཡུལ་དུ་བྱས་ཡོད།

ཐེངས་འདིའི་བྱ་འགུལ་དུས་ཡུན་ཉིན6ཡིན་ཞིང་། སྐོར་དང་པོའི་གཞི་རིམ་དུ་བསྐྱོད་པ་གསུམ་གྱི་སྤྱི་ཚོགས་ལག་ལེན་བྱ་འགུལ་ལ་མཚོ་སྔོན་སློབ་ཆེན་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མའི་གྲུབ་ཅིང་། དེ་དག་གིས་བྲག་དཀར་སྡེ་བའི་སྐྱེ་དངོས་སྣ་མང་ཅན་གྱི་རྟེན་གཞི་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་ནང་དོན་ཐད་ནས་སྲིད་ཇུས་དྲིལ་སྒྲོག་དང་། བརྗོད་དོན་གཏམ་བཤད་སོགས་ཀྱི་བྱ་འགུལ་སྤེལ་ཏེ། ལོ་ཆུང་སློབ་མར་སྐྱེ་ཁམས་རིན་ཐང་ལྟ་བ་ཆགས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྤྱི་ཚོགས་དང་ཤན་ཤུགས་མཐོ་རུ་གཏོང་རྒྱུ་རེད།

བྱ་འགུལ་གྱི་དུས་རིམ་གཉིས་པས་ལག་ལེན་ཚོགས་པ་རྩ་འཛུགས་བྱས་ཏེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དུ་ཡུལ་དངོས་རྟོག་ཞིབ་དང་། འབྲོག་ཁུལ་དང་གྲོང་ཁྱེར། གཅིག་བསྡུས་དང་ཁ་འཐོར། ད་རྒྱ་དང་ཡུལ་དངོས། གཏན་འཇགས་དང་བསྐོར་བསྐྱོད་སོགས་ཟུང་འབྲེལ་གྱི་རྩ་དོན་ལྟར། བཞུགས་མོལ་བརྗེ་རེས་དང་། ཡུལ་དངོས་སུ་སོང་ནས་རྟོག་ཞིབ་བྱེད་པ། དེ་མིན་རྣམ་པ་འདྲ་མིན་གྱི་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་རྩིས་ཡོད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།