རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ཡིས《མཚོ་སྔོན་ཞིང་ཆེན་ཁྲལ་དོན་སྲིད་འཛིན་ཆད་གཅོད་དབང་ཆ་ལག་བསྟར་གྱི་དཔྱད་གཞིའི་ཚད་གཞི》ཁྱབ་བསྒྲགས་བྱས་པ་དང2020ལོའི་ཟླ8པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ཡིས《མཚོ་སྔོན་ཞིང་ཆེན་ཁྲལ་དོན་སྲིད་འཛིན་ཆད་གཅོད་དབང་ཆ་ལག་བསྟར་གྱི་དཔྱད་གཞིའི་ཚད་གཞི》(གཤམ་དུ“ཚད་གཞི”ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་མ་ཟད།  2020ལོའི་ཟླ8པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།  “ཚད་གཞིའི”ཐད་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དོན་འཁྱོལ་ནན་པོ་བྱས་པ་དང་།  ཁྲལ་འཇལ་མཁན་གྱིས་ནོར་འཛོལ་བྱུང་རུང་ནོར་འཁྲུལ་ཡོ་བསྲང་བྱེད་པའི་བར་སྟོང་སྔར་བས་རྒྱ་བསྐྱེད་དེ།  ཁྲིམས་བཀོད་ཁྱབ་ཁོངས་སུ་ཐོག་མ་དང་འགལ་བར་ཆད་པ་མི་གཅོད་པ་དང་།  ཆད་པ་མི་གཅོད་པའི་ཚད་རིམ་པ11ནས25བར་ཇེ་མཐོར་བཏང་བ་དང་།  བསྡུར་ཚད22%ནས52.08%བར་མཐོ་རུ་ཕྱིན་ནས་དམ་ལྷོད་ཟུང་འབྲེལ་དང་ཆད་གཅོད་སློབ་གསོ་ཟུང་འབྲེལ་གྱི་སྲིད་འཛིན་ཆད་གཅོད་ཀྱི་རྩ་དོན་མངོན་ཡོད།

ཤེས་རྟོགས་བྱུང་བ་ལྟར་ན།  མཚོ་སྔོན་ཞིང་ཆེན་ཁྲལ་དོན་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ཁུལ།  ཐད་སྐྱོང་གྲོང་ཁྱེར་བཅས30ལྷག་དང་དེ་བཞིན་འཆར་གཞི་ལོགས་བཀོད་གྲོང་ཁྱེར་ཁག་གཅིག་གི་ཁྲལ་དོན་སྲིད་འཛིན་ཆད་གཅོད་དབང་ཆའི་དཔྱད་གཞིའི་ཚད་གཞི་འཚོལ་བསྡུ་ལེགས་སྒྲིག་བྱས་ནས།  སྔོན་ཆད་ཀྱི་ཚད་གཞི་དང་ཞིབ་བསྡུར་དབྱེ་ཞིབ་བྱས་པ་དང་རྟོག་ཞིབ་གཏིང་ཟབ་བྱས་པ་བརྒྱུད།   2017ལོ་ནས2019ལོའི་བར་ཁྲལ་དོན་སྲིད་འཛིན་ཆད་གཅོད་ཀྱི་འབྲེལ་ཡོད་གྲངས་གཞི་ཁྲི8ལྷག་ཙམ་བདམས་ནས་ཕྱོགས་སྡོམ་དབྱེ་ཞིབ་བྱས་ཏེ“ཚད་གཞི”བཟོ་རྒྱུར་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་རྨང་གཞི་བརྟན་པོ་བཏིང་ཡོད།  པར་གཞི་གསར་པའི“ཚད་གཞི”སྒོ་ཕྱེ་ནས་ཁྲིམས་འཛུགས་བྱེད་པར་སྔ་གཞུག་ཏུ་བསམ་འཆར་བསྡུ་ལེན་ཐེངས3བྱས་པ་རེད།  དེ་དང་ཆབས་ཅིག་ལན་ཀྲོའུ་ནས་ཟི་ལིང་བར་གྱི་གྲོང་ཁྱེར་སྤྱིའི་འཕེལ་རྒྱས་ཀྱི་འབྲེལ་ཡོད་ཁྲལ་དོན་ལ་སྐུལ་འདེད་གཏོང་ཆེད།  ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་གཅིག་གྱུར་ངང་ཚད་ལྡན་གྱི་ཁྲལ་བསྡུའི་ཁྲིམས་འཛིན་ཁོར་ཡུག་ཅིག་བཙུགས་ནས།   “ཚད་གཞིས”ཀན་སུའུ་ཞིང་ཆེན་ཁྲལ་དོན་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱས་པ་དང་།  ས་ཁོངས་ནང་ཁུལ་གྱི་ཁྲིམས་འཛིན་ཚད་གཞི་གཅིག་གྱུར་ཡོང་བ་དང་།   “ཁྲིམས་འཛིན་གྱི་ཚད་གཞི་གཅིག་དང་འཇལ་ཐབས་ཐིག་ཤིང་གཅིག”བཅས་མངོན་འགྱུར་བྱུང་བར་ལམ་ལུགས་ཀྱི་རྨང་གཞི་བཏིང་ཡོད།

དེ་ལས་གཞན“རྩ་བའི་ཚད་གཞིའི”ནང《ཐོག་མར་འགལ་བར་ཁྲིམས་ཆད་མི་གཅོད་པའི་གསལ་ཐོ》དང་། 《ཆད་པ་མི་གཅོད་པའི་གསལ་ཐོ》བཅས་ལོགས་སུ་བཀར་ནས་མི་གཤིས་ཅན་གྱི་ཁྲིམས་འཛིན་དང་མཉེན་གཤིས་ལྡན་པའི་ཁྲིམས་འཛིན་ལ་སྐུལ་འདེད་བཏང་སྟེ།  ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་ཁྲལ་འཇལ་མཁན་གྱི་བློ་ཡིད་ཚིམ་ཚད་ཇེ་མཐོར་གཏོང་རྒྱུར་ཕན་པ་ཆེན་པོ་ཡོད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།