རྒྱལ་ཁབ་ཀྱིས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྲུང་དབྱང་སྔོན་རྩིས་ནང་གི་ཆེད་དོན་མ་དངུལ་སྒོར་ཁྲི33150བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱས་ནས། “བརྟན་པོ་དྲུག”དང་། “འགན་ལེན་དྲུག”བཅས་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབས་པ་དང་། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་རང་ཞིང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་དང་ཐོན་ཁུངས་གྲོན་ཆུང་། འཁོར་རྒྱུག་བེད་སྤྱོད་སོགས་ཀྱི་ཞན་ཆ་ལ་དམ་པོར་དམིགས་ནས། ཧུར་ཐག་གིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ལ་སྙན་སེང་དང་འབྲེལ་མཐུད་བརྒྱབ་ནས་མ་དངུལ་གྱི་རྒྱབ་སྐྱོར་ཕྱོགས་ལ་བརྩོན་ལེན་བྱས། ཉེ་ཆར། རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ཆེད་དོན་རྣམ་གྲངས་ལ2020ལོར་ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་སྒོར་ཁྲི33150གཏོང་རྒྱུ་རེད།

རྣམ་གྲངས་དུས་ཐོག་ཏུ་ལས་འགོ་འཛུགས་པར་འགན་སྲུང་བྱ་ཆེད། ཞིང་ཆེན་འཕེལ་བསྒྱུར་ཨུ་ལྷན་གྱིས་དུས་ཐོག་ཏུ་མ་འཇོག་འཆར་གཞི་ཁག་བགོས་བྱས་ནས་གཅན་ཚ་རྫོང་གི་གད་སྙིགས་སྦས་ས་གཉིས་པ་འཛུགས་སྐྲུན་དང་ཐུན་ཏེ་རྫོང་གི་བཙོག་ཆུ་གཙང་གསིང་བཟོ་གྲྭའི་ཚད་གཞི་མཐོར་གཏོང་དང་རྒྱས་སྐྲུན་ལས་གྲྭ་སོགས་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་སེལ་དང་། ཐོན་ཁུངས་གྲོན་ཆུང་འཁོར་རྒྱུག་བེད་སྤྱོད། སྦགས་བཙོག་བཅོས་སྒྲིག་རྣམ་གྲངས་འཛུགས་སྐྲུན་བཅས་ལ་རྒྱབ་སྐྱོར་བྱས་ཡོད་པས། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་ཀྱི་ཞན་ཆ་གསབ་རྒྱུར་སྐུལ་འདེད་གཏོང་བ་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་རམ་འདེགས་བྱས།   །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།