རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་སྐྱེ་དངོས་རིགས832ཡོད་འདུག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས17ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་སློབ་ཆེན་གྱིས་འགན་ཁུར་བའི་མཚོ་སྔོན་ཞིང་ཆེན་གྱི་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་འཆར་གཞིའི་རྣམ་གྲངས་ཏེ“རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་དང་གཙོ་གནད་སྲུང་སྐྱོང་སྐྱེ་དངོས་ཀྱི་མ་གདན་བརྟག་བཤེར”ལ་ཆེད་མཁས་པས་ཞིབ་བཤེར་རྩིས་ལེན་བྱས་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལ་ཁྱོན་སྐྱེ་དངོས་རིགས832ཡོད་འདུག 

“རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་དང་གཙོ་གནད་སྲུང་སྐྱོང་སྐྱེ་དངོས་ཀྱི་མ་གདན་བརྟག་བཤེར”རྣམ་གྲངས་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་དང་གཙོ་གནད་སྲུང་སྐྱོང་སྐྱེ་དངོས་ཀྱི་མ་གདན་ལ་བརྟག་དཔྱད་བྱས་པ་བརྒྱུད་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་སྐྱེ་དངོས་རིགས832ཡོད་པ་བསྡོམས་རྩིས་བྱས་ལ། དེའི་ནང་རིགས5ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཐུན་མིན་སྐྱེ་དངོས་ཡིན་ཞིང་། རིགས3ནི་རྒྱལ་ཁབ་རིམ་པའི་གཙོ་གནད་སྲུང་སྐྱོང་སྐྱེ་དངོས་དང་རིགས21ནི་ཞིང་ཆེན་རིམ་པའི་གཙོ་གནད་སྲུང་སྐྱོང་སྐྱེ་དངོས་ཡིན།  

རྣམ་གྲངས་དེས་གཙོ་གནད་སྲུང་སྐྱོང་སྐྱེ་དངོས་རིགས24ཡི་འཇིག་ཉེན་གནས་ཚུལ་ལ་གདེང་འཇོག་བྱས་པ་དང་། གླིང་ཁུལ་གྱི་སྐྱེ་དངོས་ཁྱབ་ཚུལ་ལ་དབྱེ་ཞིབ་བྱས་ནས་སྐྱེ་དངོས་རིགས71ནི་སྐྱེ་དངོས་ཆེས་ཆུང་གྲས་ཀྱི་ཁོངས་སུ་གཏོགས་པ་གཏན་འཁེལ་བྱས་ཏེ་མཚོ་སྔོན་ཞིང་ཆེན་དང་ཐ་ན་རྒྱལ་ཁབ་རིམ་པའི་གཙོ་གནད་སྲུང་སྐྱོང་སྐྱེ་དངོས་ཀྱི་མིང་གཞུང་ལ་ཁ་གསབ་བྱས་པ་རེད། 

ཞིབ་འཇུག་བྱས་པ་བརྒྱུད་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་ནགས་ཚལ་དང་སྡོང་ཕྲན། རྩྭ་ཐང་། སྤང་ཐང་། ཐང་རྒོད། རི་མཐོའི་གདན་དབྱིབས་སྔོ་ཁེབས། རི་མཐོའི་གྲམ་ཁའི་སྔོ་ཁེབས། འདམ་ར། ཆུ་སྐྱེས་སྔོ་ཁེབས་བཅས་སྔོ་ཁེབས་དབྱིབས་རིགས8དང་ཁྱུ་ཚོགས33ཡོད། དེས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྔོ་ཁེབས་རིགས་ཀྱི་དབྱེ་བ་དང་མཐའ་མཚམས་འཛུགས་པར་གྲངས་གཞིའི་འདེགས་སྐྱོར་མཁོ་འདོན་བྱས་ཡོད། 

རྣམ་གྲངས་དེ《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་དང་མིང་གཞུང》དང《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་དངོས་པར་རིས་གཙོ་བོ》ཞེས་པའི་རིག་གཞུང་ཆེད་རྩོམ་གཉིས་དཔེ་སྐྲུན་བྱས་ཡོད། ཆེད་མཁས་ཚོགས་ཆུང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་དང་། སྔོ་ཁེབས་རིགས་ཀྱི་སྣ་མང་རང་བཞིན། གཙོ་གནད་སྲུང་སྐྱོང་སྐྱེ་དངོས་དང་སྐྱེ་དངོས་ཆེས་ཆུང་གྲས་ཁྱབ་ཚུལ་ལ་ཤེས་རྟོགས་ཐུབ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་གླིང་ཁུལ་དོ་དམ་ཐད་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པར་ངོས་འཛིན་བྱས་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།