ལིའུ་ཐོ་ཡིས་མཚོ་ནུབ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅུ་བཞི་ཉིན་ནས་ཚེས་བཅོ་ལྔ་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐོ་ཡིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཡུན་རིང་བོར་སྐྱེ་ཁམས་དམ་འཛིན་བྱེད་པ་དང་བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་ལ་འགན་སྲུང་བྱེད་པར་རྐང་བཙུགས་ནས། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ལས་མངོན་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

ལིའུ་ཐོ་སོགས་སྔ་གཞུག་ཏུ་ཝུའུ་ལན་རྫོང་ཆེན་ཧྭ་སོལ་འགྱུར་ཚད་ཡོད་ཀུང་ཟི་དང་ཝུའུ་ལན་རྫོང་བཙོག་ཆུ་ཐག་གཅོད་བཟོ་གྲྭ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ཐེམ་ཆེན་གཙོ་སྙིང་ཁུལ་སྐྱེ་ཁམས་གནས་སྤོར་ཡུལ་མི་བཀོད་སྒྲིག་བྱེད་ས། ཐེམ་ཆེན་རྫོང་བཙོག་ཆུ་གཙང་སྒྱུར་བཟོ་གྲྭ་སོགས་ལ་སོང་ནས། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་མངོན་པའི་གནད་དོན་དག་ཐེར་ལེགས་བཅོས་དང་མདོ་ལ་རི་བོའི་རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་ཚོད་ལྟའི་ལས་གཞི་ལག་བསྟར་གནས་ཚུལ་སོགས་ལ་ཡུལ་དངོས་ལྟ་ཞིབ་བྱས་པ་དང་། གཏེར་ཤུལ་བཅོས་སྐྱོང་དང་རི་འགོར་རྩྭ་འདེབས་པ་སོགས་སྐྱེ་ཁམས་ཁོར་ཡུག་སླར་གསོ་བཅོས་སྐྱོང་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས།

ལིའུ་ཐོ་ཡིས་ནན་གྱིས་བསྟན་དོན། རི་ལྗང་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། འགན་འཁྲི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་བརྟན་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱིའི་རེ་བ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་དགོས། ཁོར་ཡུག་གི་སྤུས་ཚད་ལེགས་བསྒྱུར་བྱེད་པ་སྲོག་ཤིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། མུ་རིའི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བཅོས་སྐྱོང་གྲུབ་འབྲས་སྔར་ལས་སྲ་བརྟན་དང་མཐོར་འདེགས་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་གཅིག་གྱུར་འཆར་འགོད་བྱེད་པ་དང་མཐུན་སྦྱོར་ལ་ཤུགས་སྣོན་པ། སྐྱེ་ཁམས་ཁོར་ཡུག་སླར་གསོ་བཅོས་སྐྱོང་ཐད་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོ་འཛུགས་དགོས་ཟེར།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།