མཚོ་སྔོན་དུ་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་བཙུགས་ཏེ་ཞིབ་འཇུག་གྲུབ་འབྲས་ལ་གཟེངས་རྟགས་གནང་བའི་ཚོགས་འདུ་བསྡུས།

18bf6fe61668cbb3ec9522300eedea0b.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ7པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་དང་གེ་སར་སྒྲུང་ཞིབ་འཇུག་གྲུབ་འབྲས་བྱ་དགའ་སྐབས་གཉིས་པའི་གཟེངས་རྟགས་གནང་བའི་ཚོགས་འདུ་མཚོ་སྔོན་ཞིང་ཆེན་སྒྱུ་རྩལ་ཁང་དུ་བསྡུས།  གེ་སར་སྒྲུང་ཞིབ་འཇུག་ལྟེ་གནས་འདིས་གེ་སར་རྒྱལ་པོའི་སྒྲུང་གི་དམངས་ཁྲོད་སྒྱུ་རྩལ་པའི་རྒྱུ་ཆ་འཚོལ་བསྡུ་དང་། སྒྲུང་དཔེ་སྔོག་འདོན་མྱུར་སྐྱོབ་དང་། འཚོལ་བསྡུ་དག་སྒྲིག བརྟག་དཔྱད་ཞིབ་འཇུག ཡིག་སྒྱུར་པར་སྐྲུན་སོགས་ཀྱི་འགན་ཁུར་ཏེ་ལས་དོན་བསྒྲུབ་རྒྱུ་རེད།

52b64c51ea143bb1805b9c4dbfcac290.jpg

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི། གནའ་དེང་བོད་རིགས་སྒྲུང་པ་ཁྲི་སྟོང་མང་པོས་ཐུང་མོང་གི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་དམངས་ཁྲོད་གཏམ་རྒྱུད་རིང་མོ་ཞིག་ཡིན་ཞིང་། དེའི་ནང་དུ་སྐྱེས་མཆོག་ནོར་བུ་དགྲ་འདུལ་ལགས་ཀྱིས་ཕྱོགས་བཞིའི་དགྲ་བཞི་བཏུལ་ཚུལ་དང་། བཙན་པོའི་གཉའ་ནས་མནན་ཚུལ། གཉོམ་ཆུང་མཐའ་ནས་བསྐྱངས་ཚུལ། དབུལ་པོར་སྙིང་རྗེ་བསྒོམས་ཚུལ། འགྲོ་བ་བདེ་ལ་བཀོད་ཚུལ། ཡུལ་ཁམས་གཅིག་གྱུར་མཛད་ཚུལ་སོགས་ཀྱི་མཛད་རྗེས་བླ་ན་མ་མཆིས་པ་རྣམས་གསལ་པོར་བརྗོད་ཡོད་པ་དང་། དེ་ལས་དེང་སྐབས་ཀྱི་སྤྱི་ཚོགས་ལ་མཁོ་གལ་ཆེ་བའི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་དང་། ཐུན་མོང་གི་དོན་ལ་རང་སྲོག་བློས་གཏོང་ཕོད་པའི་སྙིང་སྟོབས། མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་སོགས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་འབྱུང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བསམ་བློའི་རྒྱགས་ཕྱེ་ཕུན་སུམ་ཚོགས་པ་མཁོ་འདོན་གནང་ཡོད། དེ་བས་དེར་ཤུགས་ཆེན་པོས་སྲུང་སྐྱོང་དང་། ཞིབ་འཇུག དར་སྤེལ་གཏོང་བར་དངོས་ཡོད་འཚོ་བའི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

e7476cf535b8ba4c4f7d115953d7fc45.jpg

གླིང་སྒྲུང་ཆེད་མཁས་པ་གྲགས་ཅན་གཅོད་པ་དོན་གྲུབ་ལགས་ཀྱིས་གསར་འགོད་པར་གསུང་དོན། གེ་སར་སྒྲུང་གི་སྒྲིག་གཞི་རྒྱ་ཆེ་ལ། ནང་དོན་ཕུན་སུམ་ཚོགས་པ། གཞུང་ཚད་མང་ཞིང་ལོ་རྒྱུས་རིང་། དེ་ནི་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཁྲོད། རྒྱུན་ཆད་མེད་པར་འཐུས་ཚང་དང་འཕེལ་རྒྱས་བྱུང་བ་ཞིག་ཡིན། གེ་སར་རྒྱལ་པོའི་སྒྲུང་དུ་བོད་རིགས་མི་དམངས་ཀྱི་སྤྱང་གྲུང་དང་བློ་གྲོས། རླབས་ཆེ་བའི་གསར་སྐྲུན་གྱི་ནུས་མཐུ། ཁྱད་དུ་འཕགས་པའི་བསམ་བློའི་ལྷག་བསམ་སོགས་འདུས་ཡོད་པས། འདི་ནི་བོད་པ་རྣམས་ཀྱི་བློ་གྲོས་ཀྱི་སྙིང་བཅུད་དང་ཤེས་བྱའི་བང་མཛོད་ཡིན་པར་མ་ཟད། གནའ་རབས་བོད་རིགས་ཀྱི་སྤྱི་ཚོགས་འཚོ་བ་དང་། མི་རིགས་ཀྱི་ལོ་རྒྱུས། དཔལ་འབྱོར་དང་རིག་གནས། དམག་དོན་དང་ཆབ་སྲིད། མི་རིགས་ཀྱི་འབྲེལ་བ། འདུ་ཤེས་འཛིན་སྟངས། བསམ་བློ་ཀུན་སྤྱོད། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས་སོགས་ལ་ཞིབ་འཇུག་བྱེད་པར་མཁོ་བའི་ཀུན་འདུས་པོ་ཏི་ཆེན་པོ་ཞིག་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་འདིའི་སྐོར་ལ་མཐོང་ཆེན་མཛད་དེ་རྒྱབ་སྐྱོར་གང་ལེགས་གནང་བ་དང་། ལྷག་པར་དུ་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་བཙུགས་པ་སོགས་ལ་ཕྱོགས་གང་ནས་བལྟས་ན་ཡང་དགའ་འོས་ཤིང་རྟེན་འབྲེལ་ཞུ་འོས་པ་ཞིག་རེད་ཅེས་གསུངས།

077be5281ccf5b4fc39eb1f14fe78664.jpg

མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་པན་གོས་གསར་འགོད་པར་བཤད་དོན། མཚོ་སྔོན་ནི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་འབྱུང་ཁུངས་གཙོ་བོ་ཡིན་ཞིང་། ཞིང་ཆེན་ནང་ཁུལ་གྱི་ས་གནས་ཁག་ཏུ་གླིང་གེ་སར་གྱི་རྗེས་ཤུལ་དང་ཤུལ་བཞག་གིས་ཡོངས་སུ་ཁྱབ་ཡོད་པ་དང་། ག་ས་གང་དུ་གེ་སར་རྒྱལ་པོས་ཕྱི་དགྲ་ཐབས་ཀྱིས་བཏུལ་བ་དང་། བཙན་པོའི་གཉའ་ནས་མནན་པ། གཉོམ་ཆུང་མཐའ་ནས་བསྐྱངས་པ། སེམས་ཅན་བདེ་ལ་བཀོད་པ། རང་ཡུལ་ཞི་བར་བསྐྱངས་ཤིང་མཛེས་པའི་ཁྱིམ་གཞིས་སྲུང་བ་ལ་སོགས་པའི་ངོ་མཚར་གཏམ་རྒྱུད་ཀྱིས་ཁྱབ་ཡོད། ད་ལྟ་མཚོ་སྔོན་ཞིང་ཆེན་གྱིས་སྒྲུང་པ་མྱུར་སྐྱོབ་དང་སྲུང་སྐྱོབ། གསོ་སྦྱོང་བཅས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་གླིང་སྒྲུང་གི་དམངས་ཁྲོད་སྒྱུ་རྩལ་པ་མྱུར་སྐྱོབ་སྲུང་སྐྱོང་གི་ལས་དོན་དེ་གནས་བབ་གལ་ཆེན་ཞིག་ཏུ་བཞག་པས། སྔ་རྗེས་སུ་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་སྒྲུང་པ་རིགས་མི་འདྲ་བ140ལྷག་ཙམ་རྙེད་པ་དང་། ཁོང་ཚོའི་གཞི་རྩའི་ཆ་འཕྲིན་གྱི་ཡིག་ཚགས་བཟོས་ཡོད། དེ་རིང་མཚོ་སྔོན་ཞིང་ཆེན་གྱི་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་གསར་དུ་བཙུགས་པ་འདིས་གེ་སར་སྒྲུང་སྲུང་སྐྱོབ་དང་ཞིབ་འཇུག དར་སྤེལ་སོགས་ཀྱི་ཐད་ལ་ཕན་ནུས་གལ་ཆེན་འདོན་ཐུབ་པར་གདོན་མི་ཟ་ཞེས་བཤད། 

མཚོ་སྔོན་ཞིང་ཆེན་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀོང་པའོ་ཡིས་བཤད་དོན། གླིང་སྒྲུང་འདི་ཉིད་རང་རྒྱལ་གྱི་བོད་རིགས་ས་ཁུལ་དུ་དར་ཁྱབ་ཆེ་བར་མ་ཟད། སོག་རིགས་དང་ཧོར་རིགས། འཇང་རིགས། པའེ་རིགས། ཡུས་ཀུའུ་རིགས། ཟ་ལར་རིགས་བཅས་ཀྱི་ཁྲོད་དུ་ཡང་དར་ཁྱབ་ཅུང་ཆེ། གཞན་ཡང་། རང་རྒྱལ་གྱི་ཁྱིམ་མཚེས་རྒྱལ་ཁབ་སྟེ། མོང་གོལ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་། འཇར་པན། ཨུ་རུ་སུའི་པུའུ་ལེ་ཡ་ཐེ་ས་ཁུལ། ཇོ་མོ་གླང་མའི་ལྷོ་རྒྱུད་ཀྱི་རྒྱ་གར་དང་ནེ་པ་ལ། པ་ཁེ་སི་ཐན། འབྲུག་ཡུལ། འབར་མ། འབྲས་ལྗོངས་བཅས་རྒྱལ་ཁབ་མང་པོར་ཡང་དར་ཁྱབ་ཅུང་ཆེ་བས། ཁྱབ་རྒྱ་འདི་འདྲའི་ཆེ་བ་དང་། མི་རིགས་འདི་འདྲ་མང་པོ་ཞིག་གི་བསམ་པའི་བརྩེ་དུང་གི་སྦྲེལ་ཐག་ལྟ་བུར་གྱུར་པ་ནི་འཛམ་གླིང་ཐོག་མཐོང་དཀོན་པའི་ལོ་རྒྱུས་སྙན་རྩོམ་གྱི་སྣང་ཚུལ་ཞིག་ཡིན་སྟབས། ང་ཚོས་གེ་སར་སྒྲུང་ལས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ལ་ཕན་པའི་བསམ་བློ་སྔོག་འདོན་དང་དར་སྤེལ་ལེགས་པོ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་བསམ་བློ་བརྟན་པོར་འཛུགས་པར་ཞབས་འདེགས་གང་ལེགས་ཞུ་དགོས་ཞེས་བཤད།

498aaa875c1aef21b0d40a7886fb1a11.jpg

ཤེས་གསལ་ལྟར་ན། ལོ་རྒྱུས་སྙན་རྩོམ་རིང་མོ་འདི་ཉིད་སྔོག་འདོན་དང་། དག་སྒྲིག ཡིག་སྒྱུར། པར་སྐྲུན། ཞིབ་འཇུག་བཅས་ཀྱི་ལས་དོན་ཕྱོགས་ཡོངས་ནས་དངོས་སུ་འགོ་རྩོམ་པའི་དུས་ནི་ཀྲུང་གོ་གསར་པ་དབུ་བརྙེས་པའི་རྗེས་ཏེ། ལོ་རབས་ལྔ་བཅུ་ནས་དྲུག་ཅུའི་བར་ཡིན་ལ། ཁྱད་པར་དུ་ལོ་རབས་བརྒྱད་ཅུའི་ནང་ཐེངས་དུ་མར་གཞི་རྒྱ་ཆེན་པོས་ཡོངས་ཁྱབ་ཀྱིས་ཞིབ་བཤེར་དང་། འཚོལ་སྡུད། མྱུར་སྐྱོབ། དག་སྒྲིག པར་སྐྲུན་བཅས་བྱས་པ་བརྒྱུད། རིན་ཆེན་གསེར་ལས་དཀོན་པའི་གླིང་སྒྲུང་འདི་ཉིད་ལ་མངོན་པར་མཐོ་བའི་རིག་གནས་ཀྱི་གོ་གནས་ཐོབ་པ་དང་། བསྔགས་བརྗོད་ཀྱི་མེ་ཏོག་ཀྱང་ཕྱོགས་ཀུན་ནས་རང་བཞིན་གྱིས་འཐོར།  དེ་ནས་རིམ་བཞིན་བོད་ཀྱི་རྩོམ་རིག་ལོ་རྒྱུས་དང་ཀྲུང་གོའི་རྩོམ་རིག་ལོ་རྒྱུས་སུ་བཀོད་པ་དང་། ལྷག་པར་དུ་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་ཞིབ་འཇུག་གི་གནད་ས་དང་རང་རྒྱལ་གྱི་སྤྱི་ཚོགས་ཚན་རིག་གི་མྱུར་སྐྱོབ་ཞིབ་འཇུག་ལས་གཞི་གནད་ཆེན་དུ་བཀོད་ཡོད། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་སྙན་ངག་ཆེན་མོ་གསུམ་གྱི་གྲས་ཤིག་ཡིན་པའི་ཆ་ནས། 2006ལོར་རྒྱལ་ཁབ་རིམ་པའི“མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་ཀྱི་མིང་ཐོའི”ནང་བཅུག་པ་དང་། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི“མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་ཀྱི་མིང་ཐོའི”ནང་བཅུག་ཡོད་པ་རེད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།