མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཉེན་བརྡའི་སློབ་གསོ་ཚོགས་ཆེན་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཉེན་བརྡའི་སློབ་གསོ་ཚོགས་ཆེན་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཟི་ལིང་གྲོང་ཁྱེར་གྱི་ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་གྱི་སྤྱི་སྤྱོད་རླངས་འཁོར་ས་ཚིགས་ཀྱི་ལམ་ངོས་རྡིབ་པའི་དོན་རྐྱེན་གྱི་ཞིབ་བཤེར་ཐག་གཅོད་གནས་ཚུལ་ཁྱབ་བསྒྲགས་བྱས་ལ། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚིང་ལི་ཡིས་གྲོས་ཚོགས་ལ་འགོ་མཛིན་བྱས། ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་མི་སྣས་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ཟི་ལིང་གྲོང་ཁྱེར་གྱི་ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་གྱི་སྤྱི་སྤྱོད་རླངས་འཁོར་ས་ཚིགས་ཀྱི་ལམ་ངོས་རྡིབ་པའི་དོན་རྐྱེན་གྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ཐད་གནོད་པ་ཆེན་པོ་བཟོས་བ་དང་། གྲོང་ཁྱེར་དོ་དམ་འཁོར་རྒྱུག་བྱ་བའི་ཐད་ཀྱི་ཞན་ཆ་མངོན་ཡོད་པས། ངེས་པར་དུ་བསླབ་བྱ་བསྡུ་ལེན་བྱེད་པ་དང་། གཅིག་ཤེས་ཀུན་གྲོལ་བྱས་ནས། དོན་རྐྱེན་ཆེན་པོ་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱས་ཏེ། ཆབ་སྲིད་གླེང་བའི་མཐོ་ཚད་ནས་ལག་བསྟར་དམ་འཛིན་བྱེད་དགོས། དོན་རྐྱེན་ཐད་ཀྱི་བསླབ་བྱ་བསྡུ་ལེན་བྱེད་པ་དང་། གྲོང་ཁྱེར་གྱི་བདེ་འཇགས་ཉེན་ཁ་རྟོག་སེལ་བཅོས་སྐྱོང་བྱས་ནས། གྲོང་ཁྱེར་གྱི་བདེ་འཇགས་འཁོར་རྒྱུག་དོ་དམ་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། མིག་སྔའི་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་བབ་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། ཆེད་དོན་བཅོས་སྐྱོང་གི་ལོ་གསུམ་འགུལ་སྐྱོད་བརྟན་བརླིང་ངང་སྤེལ་ནས། བདེ་འཇགས་ཐོན་སྐྱེད་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་དགོས། མིག་སྔའི་ཆུ་ལོག་འགོག་པའི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། རིམ་པ་བཞིན་འགན་འཁྲི་གཏན་ཁེལ་བྱེད་པ། སྔོན་བརྡར་ལྟ་ཞིབ་ཚད་ལེན་བྱེད་པ་དང་ཕྱོགས་བསྡུས་དབྱེ་ཞིབ་ལ་ཤུགས་སྣོན་པ། གནོད་སྐྱོབ་གནོད་འགོག་བྱ་བ་བཟང་བོར་བསྒྲུབ་ནས། སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་དང་ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཁོངས་མི། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་འབྲེལ་ཡོད་སྡེ་ཁག་དང་ཟི་ལིང་དུ་སྡོད་པའི་ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།