ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཟླ7པའི་ཚེས10ཉིན་རྒྱུན་ལས་ཨུ་ལྷན་ཁང་གི་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་པར་མ་ཟད། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གཅིག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་པ་ལས་གཞན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ལས་རིམ་ལ་ཞིབ་འཇུག་བྱས་ནས་འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ནས་བལྟས་ན། ཏང་དབུ་བརྙེས་ནས་ལོ་ངོ་གོ་དགུ་འཁོར་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་དུ་ཏང་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་ནས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་པ་བཏོན་པ་ནང་དོན་ཕུན་སུམ་ཚོགས་པས་ཏང་ཡོངས་ལ་གསོན་ཉམས་ལྡན་པའི་ཏང་གི་སློབ་ཚན་ཞིག་འཁྲིད་པ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་ཡག་པོ་བྱེད་པ་དང་ཏང་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཀྲུང་གོའི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་ཏང་དང་མི་ལ་ཐུག་ཡོད། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ནི་ཏང་འཛུགས་སྐྲུན་གྱི་སྲོག་རྩ་ལྟ་བུ་ཡིན་ཞིང་། བསམ་བློའི་ཐོག་ནས་ཏང་འཛུགས་སྐྲུན་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ང་ཚོའི་ཏང་གིས་བསམ་བློ་གཅིག་གྱུར་དང་བློ་རྩ་བརྟན་པོ། སྟོབས་ཤུགས་ཆེན་པོ་བཅས་རྒྱུན་འཁྱོངས་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་རེད། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བཟང་པོ་བྱས་ནས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཀྱི་ཚན་རིག་དང་མཐུན་པའི་ནང་དོན་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ། “འདུ་ཤེས་བཞི”ཤུགས་དྲག་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”བཟང་བོར་སྒྲུབ་ཐུབ་པ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་གླེང་བ་དང་ཏང་ལ་དགའ་བ། ཏང་ལ་སེམས་ཁྲལ་བྱེད་པ། ཏང་གི་ཆེད་དུ་བྱ་བ་སྒྲུབ་པ་བཅས་བྱེད་དགོས། “དམ་འཛིན་ལྔ”ཡི་བླང་བྱ་གལ་ཆེན་ལྟར་དུ། དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས། གྲུབ་འབྲས་ཁྲིད་ཕྱོགས་བཅས་ཕན་ཚུན་གཅིག་གྱུར་ཡོང་བར་མཐའ་འཁྱོངས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་དུ་བསྟར་ནས། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་ཀྱི་རྩ་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་མི་ཉམས་པར་བྱས་རྗེས་འཇོག་དགོས།

ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་འདེམས་བསྐོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་བྱེད་པ། ཏང་ནང་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་ཚད་ལྡན་དང་འཐུས་ཚང་དུ་གཏོང་བ་བཅས་ཀྱི་ཐད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཡོད། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་རྒྱུ་གཞི་རིམ་ལ་ཐུག་ཡོད། ཏང་ཨུའི་རང་བདག་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ནས། 《ཀྲུང་གོ་གུང་ཁྲན་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་འདེམས་བསྐོའི་ལས་ཀའི་སྲོལ་ཡིག》ཅེས་པར་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་དེ་ཏང་གིས་ཏང་སྐྱོང་བ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། ཏང་ནང་གི་ཁྲིམས་སྲོལ་སྒྲིག་འཛུགས་དང་ལག་བསྟར་བྱ་རྒྱུ་དམ་འཛིན་བྱ་དགོས། སྤྱོད་བཟང་གཞུང་དྲང་གི་འདེམས་བསྐོའི་ཁོར་ཡུག་ཅིག་བསྐྲུན་རྒྱུར་ཤུགས་སྣོན་བྱས་ཏེ། སང་ལོའི་གྲོང་ཁྱེར་དང་ཁུལ་དང་། རྫོང་དང་གྲོང་ཁྱེར།ས་ཁུལ། ཞང་དང་གྲོང་རྡལ། གྲོང་གསེབ་སྡེ་ཁུལ་བཅས་རིམ་པ་བཞིའི་ཏང་རྩ་འཛུགས་སྐབས་བརྗེ་གོ་སྐབས་སུ་བཟུང་ནས། ཇུས་འགོད་ལ་ཤུགས་སྣོན་དང་སྒྲིག་འཛུགས་ཞིབ་ཚགས། བརྒྱུད་རིམ་ཧྲིལ་པོར་འགག་གནད་དམ་འཛིན་བཅས་བྱས་ཏེ། ལས་བྱེད་པ་ཡག་པོ་འདེམས་རྒྱུ་དང་། ཚན་ཁག་ཡག་པོར་བཀོད་སྒྲིག་ཡག་པོ་བྱེད་རྒྱུ། རྣམ་པ་བཟང་པོ་གཏོད་རྒྱུ་བཅས་ཀྱི་ཐོག་ནས། 《སྲོལ་ཡིག》ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།