མཚོ་སྔོན་གྱི་སྒྱུར་བཅོས་གླེང་སྟེགས་སྐབས་བཞི་བ་ཟི་ལིང་དུ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ7པའི་ཚེས9ཉིན་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སློབ་གྲྭ་དང་།  ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་སྒྱུར་བཅོས་ཟབ་སྤེལ་ཨུ་ལྷན་གཞུང་དོན་ཁང་།  མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་བཅས་ཀྱིས་གཙོ་གཉེར་བྱས་པའི་མཚོ་སྔོན་སྒྱུར་བཅོས་གླེང་སྟེགས་སྐབས་བཞི་བ་ཟི་ལིང་དུ་འགོ་ཚུགས་པ་རེད།  གླེང་སྟེགས་ཁྲོད“འབྱུང་རྩའི་འགན་འཁྲི་དང་འགན་འཁྲི་ཁུར་ཕོད་པ——མཚོ་སྔོན་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས”ཞེས་པ་བརྗོད་དོན་གཙོ་བོར་བཟུང་སྟེ།  མིང་དུ་གྲགས་པའི་ཆེད་མཁས་པ་དག་གདན་དྲངས་ནས་མཚོ་སྔོན་དུ་འཛོམས་ཏེ་རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་གླེང་མོལ་བྱས།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུའི་སྒྱུར་བཅོས་གཞུང་ལས་ཁང་གི་ཀྲུའུ་རིན་ཡུས་ཚུང་ལེ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་གསུང་བཤད་གནང་།

 ཡུས་ཚུང་ལེ་ཡིས་བསྟན་དོན།  རྨ་ཆུ་ནི་རང་རྒྱལ་གྱི་སྐྱེ་ཁམས་སྲུང་ཡོལ་དང་དཔལ་འབྱོར་ས་རྒྱུད་གལ་ཆེན་ཞིག་ཡིན་པ་དང་རྨ་ཆུར་སྲུང་སྐྱོང་བྱ་རྒྱུ་ནི་མཚོ་སྔོན་མི་དམངས་ཀྱི་ཕྲག་ཏུ་འཁུར་འོས་པའི་འགན་འཁྲི་གལ་ཆེན་ཞིག་ཡིན།  སྐྱེ་ཁམས་བཅོས་སྐྱོང་གིས་ས་གནས་བཅོས་སྐྱོང་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་པས།  ང་ཚོས་སྐྱེ་ཁམས་ཁོར་ཡུག་ལ་བཅོས་སྐྱོང་བྱས་ནས“རི་སྔོ་ཆུ་དྭངས”ཀྱི་སྲུང་སྐྱོང་མཁན་བྱེད་དགོས་པ་དང་།   “གསེར་རི་དངུལ་རི”གསར་བསྐྲུན་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་།  ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་དགོས།  མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བཟུང་སྟེ་ཆུ་ལ་བརྟེན་ནས་གྲོང་ཁྱེར་དང་ས་ཆ།  མི།  ཐོན་ལས་བཅས་གཏན་འཁེལ་བྱེད་པའི་བསླབ་གཞི་ཡག་པོ་སྒྲུབ་དགོས།  དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ་དང་རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་ཁུལ་གྱི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས།  མཚོ་སྔོན་གྱི་དཔལ་འབྱོར་གྲངས་འབོར་ལུགས་མཐུན་ངང་འཕར་བ་དང་སྤུས་ཚད་བརྟན་པོའི་ངང་འཕར་རྒྱུར་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས།

ཡུས་ཚུང་ལེ་ཡིས་རྨ་ཆུའི་འགོ་ཁུངས་ཡིན་པའི་ངོས་ནས་ང་ཚོས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་རྒྱག་དགོས་པ་དང་སྐྱེ་ཁམས་བཅོས་སྐྱོང་མངོན་གསལ་དོད་པོ་ཡོང་བ་བྱས་ནས་རྨ་ཆུའི་བདེ་འཇགས་འགན་ལེན་བྱེད་དགོས།  སྒྱུར་བཅོས་གླེང་སྟེགས་ནི་རྨ་ཆུ་སྲུང་སྐྱོང་གི་རིག་མཛོད་གལ་ཆེན་དུ་གྱུར་ཏེ་མཚོ་སྔོན་གྱི་སྒྱུར་བཅོས་འཕེལ་རྒྱས་ཆེད་བསམ་བློ་བཅིངས་འགྲོལ་དང་།  ཐབས་འདོན་ཇུས་འདོན།  སེམས་ནུས་གཅིག་སྒྲིལ་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།