མཚོ་སྔོན་པ་མཚོ་སྔོན་དུ་ཡུལ་སྐོར་བྱས་པས་ལྔ་པའི་ཚེས་ལྔའི་གུང་གསེང་ཡུལ་སྐོར་བྲིན་པར་གྱུར།

ཁྱིམ་ཚང་གང་པོ་མཉམ་དུ་ཡུལ་སྐོར་དུ་ཕྱིན་པ།    

ཐོབ་དཀའ་བའི་གུང་གསེང་ནི་བྱིས་པར་མཚོན་ན་ཡུན་རིང་རེ་ལྟོས་བྱས་པའི་དུས་བཟང་ཞིག་རེད།

ཟླ6པའི་ཚེས25ཉིན་གྱི་ཞོགས་པར། ཟི་ལིང་གྲོང་ཁྱེར་གྱི་གཞིས་དམངས་མ་ལིན་ན་དང་ཀྲང་ཕུའུ་བཟའ་ཟླ་གཉིས་ཀྱིས་བྱིས་པ་གཉིས་ཀ་རླངས་འཁོར་ནང་བཞག་སྟེ་སྔ་མོ་ནས་ཁ་ཆད་བཏབ་ཡོད་པའི་བྱིས་པའི་རྩེད་འཇོ་གླིང་དུ་སོང་བ་དང་། གནས་དེ་ནས་ཉིན་གཉིས་ཞག་གཅིག་གི་སྐྱིད་པའི་རྩེད་འཇོར་རོལ།

“སྔོན་ཆད་ཐེངས་འགར་ཡོང་མྱོང་མོད།འོན་ཀྱང་དགོང་མོར་ཞག་འདུག་བྱས་མ་མྱོང་། བྱིས་པ་ཚོ་རྩེད་འཇོ་གླིང་དུ་ཞག་སྡོད་བྱས་ཏེ་རྩེད་འཇོའི་རྣམ་གྲངས་རེ་རེར་རོལ་བའི་འདུན་པ་ཆེ། དེའི་རྐྱེན་གྱིས། སྔ་མོ་ནས་སྡོད་ཁང་མངགས་ཉོ་བྱས་པ་ཡིན། ཁྱེད་ཀྱིས་ལྟོས་དང་ཁོ་ཚོ་ཅི་འདྲའི་སྤྲོ་བ་ལ”ཞེས་མ་ལིན་ན་ཡིས་དེ་ལྟར་བཤད།

ཉིན་རྒྱུན་བྱ་བར་བྲེལ་འཚུབ་ཆེ་བ་དང་། གཟའ་མཇུག་ཏུའང་བྱིས་པ་གཉིས་ཀར་ཟབ་སྦྱོང་གི་འཛིན་གྲྭ་སྣ་ཚོགས་བཀོད་སྒྲིག་བྱས་ཡོད། དེའི་རྐྱེན་གྱིས། གུང་གསེང་གི་སྐབས་སུ་སེམས་ལྷོད་ལྷོད་ངང་རྩེད་འཇོར་རོལ་ནས་བཟའ་མི་གང་བོའི་ངལ་གསོའི་དགོས་མཁོ་བསྐངས་པ་རེད། “རྩེད་འཇོའི་རྣམ་གྲངས་སྣ་ཚོགས་ལས་གཞན། ད་རུང་སྤྲོ་བ་བསྐྱེད་པའི་ལྷ་སྒྲུང་དང་གློག་བརྙན་སོགས་ཀྱང་ཡོད། སྟབས་ལེགས་པ་ཞིག་ལ་ཐག་རིང་དུ་འགྲོ་མི་དགོས་པར་གྲོང་ཁྱེར་གྱི་སྤུས་ལེགས་འཆར་འགོད་ཀྱི་བདེ་སྐྱིད་ལོངས་སུ་སྤྱོད་ཐུབ་ལ། སྐྱིད་སྣང་ཡིད་ཚིམ་པ་ཞིག་ཚོར་ཐུབ།”ཅེས་མཚོ་ངོས་ལས་ཆེས་མཐོ་བའི་མཁའ་སྙེག་འཁོར་ལོ་སྟེ་ཚངས་ཐིག་ལ་སྨི108ཡོད་པའི་མཚོ་སྔོན་མིག་གི་སྟེང་དུ་ཙོག་ཡོད་པའི་མ་ལིན་ན་བཟའ་མི་གང་བོར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་པས། རྗེས་དྲན་འདྲ་པར་མཚམས་མ་ཆད་་པར་ལེན་བཞིན་གདའ།

པེ་ཏོ་ཧྥུན་གྱི་བཞུགས་གནས་རྙིང་པ་དང་ཡུས་ཀུའོ་ཡི་བཞུགས་གནས་རྙིང་པ། ཕུའུ་ཞི་ཅུན་རིག་གནས་ཀྱི་ཁ་ཧྥེ་ཁང་སོགས་རང་རང་སོ་སོའི་ཁྱད་ཆོས་ལྡན་པའི་མི་སྣ་གྲགས་ཅན་གྱི་བཞུགས་གནས་རྙིང་པའི་ནང་དུ། ཀྲང་ཅུན་ཧའོ་ཡིས་མཚམས་མ་བཞག་པར་ཁོའི་ཨ་མར་བཤད་རྒྱུར། འདི་དག་ཚང་མ་བསླབ་དེབ་ནང་དུ་ཡོད་པའི་རྒྱབ་ལྗོངས་རེད། ཁོས་པར་དུ་བླངས་ནས་དྲན་པ་ཇེ་བརྟན་དུ་གཏོང་བསམ་བཞིན་ཡོད། མ་ལིན་ན་བཟའ་མི་གང་བོ་ལྟ་བུའི་ཁྱིམ་ཚང་གི་ཡུལ་སྐོར་བྱེད་མཁན་ནི་རྩེད་འཇོའི་གླིང་གི་ག་ས་ཀུན་ཏུ་མཐོང་ཐུབ།

ཡིད་ཚིམ་པའི་སྒེར་བསྐོར་ཡུལ་སྐོར།

ཟླ6པའི་ཚེས26ཉིན་གྱི་ཞོགས་པར། མཚོ་སྔོན་པོ་ལྗོངས་ཁུལ་གྱི་ནམ་ཟླ་ཤིན་ཏུ་ལེགས། སྒེར་བསྐོར་ཡུལ་སྐོར་གྱི་རླངས་འཁོར་མི་ཉུང་བ་ཞིག་ལྗོངས་ཁུལ་ནང་དུ་ཐོན་འདུག རླུང་ཅུང་ཆེ་རུང་དེས་ཡུལ་སྐོར་པ་མཚོ་སྔོན་པོའི་མཛེས་ལྗོངས་སུ་བསྐྱོད་པའི་གོམ་འགྲོས་འགོག་ཐུབ་ཀྱིན་མེད།

ཟི་ལིང་ནས་ཐོན་པའི་ལྕམ་མོ་ཀྲང་ལགས་ལ་མཚོན་ན་བཟའ་མི་གང་བོ་ཉེ་འཁོར་དུ་སྒེར་བསྐོར་ཡུལ་སྐོར་ཞིག་བྱེད་འདོད་པའི་འདུན་པ་སྔར་ནས་ཡོད། ལྔ་པའི་ཚེས་ལྔའི་གུང་གསེང་དོན་སྙིང་དང་སྤྲོ་སྐྱིད་ལྡན་པར་རོལ་ཆེད། ལྕམ་མོ་ཀྲང་ལགས་ཀྱིས་ཟླ6པའི་ཚེས23ཉིན་ནས་བཟུང་སྔ་མོ་ནས་སྔོ་ཚོད་ཉོས་ཤིང་ཟ་མ་གྲ་སྒྲིག་བྱས།

ཚེས26ཉིན་གྱི་སྔ་དྲོར། ལྕམ་མོ་ཀྲང་ཚང་གི་བཟའ་མི་གང་བོ་ཡུལ་སྐོར་པ་ཚོའི་གོམ་རྗེས་སུ་བསྙེགས་ནས་མཚོ་སྔོན་པོ་ལྗོངས་ཁུལ་དུ་ཐོན་པ་དང་། ལྗོངས་ཁུལ་ནས་འདྲ་པར་ལེན་པ་དང་རྩེད་འཇོར་རོལ། ལྕམ་མོ་ཀྲང་ལགས་ཀྱིས་བཤད་རྒྱུར། བྱིས་པ་ཚོ་བྱ་བར་ཞུགས་རྗེས། བཟའ་མི་གང་བོ་མཉམ་དུ་སྒོ་ཕྱིར་ཡུལ་སྐོར་དུ་སོང་མ་མྱོང་། ད་ཐེངས་བསམ་གཟས་ནས་བཟའ་མི་གང་བོ་འཛོམས་ཤིང་། བཟའ་བཏུང་དང་སྦྲ་གུར་སོགས་གྲ་སྒྲིག་བྱས་ཏེ། ཟི་ལིང་ནས་ལམ་ལ་ཆས་ཤིང་ཧོང་ཡོན་དང་རི་བོ་ཉི་ཟླ་བརྒྱུད་དེ་མཚོ་སྔོན་པོ་ཁར་ཐོན་པ་ཡིན།

ཕྱོགས་བཞི་མཚམས་བརྒྱད་ནས་ཐོན་པའི་ཡུལ་སྐོར་པ་རྣམས་ཀྱིས་སྔོ་ལྗང་ལྗང་གི་རྩྭ་ཐང་དང་སེར་ལམ་ལམ་གྱི་ལོག་གར་མེ་ཏོག སྔོ་བསངས་བསངས་ཀྱི་མཚོ་སྔོན་པོ་སོགས་མཚོ་སྔོན་པོ་མཐའ་འཁོར་གྱི་མཛེས་ལྗོངས་ཚང་མ་ལོངས་སུ་སྤྱོད་བཞིན་ཡོད།

སྟབས་བདེའི་ཁ་ཆད་བཏབ་པའི་ཡུལ་སྐོར།

“ཁ་ཆད་མ་བཏབ་ན་ཡུལ་སྐོར་མི་བྱེད་པའི”ལྟ་ཚུལ་དེར་ཡུལ་སྐོར་པ་སྔར་བས་མང་པོ་ཞིག་གིས་ཁས་ལེན་ཐོབ་ཡོད། ཟླ6པའི་ཚེས26ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཚྭ་ཁ་ཚྭ་མཚོ་ལྗོངས་ཁུལ་དུ་ཡུལ་སྐོར་པ་རྣམས་ལྷོ་ནས་བྱང་དུ་བསྐྱོད་བཞིན་གདའ། རྐང་འོག་ཏུ་ཚྭ་ཁུའི་ཙག་སྒྲ་གྲགས་པ་དང་། སྔོ་བསངས་བསངས་ཀྱི་ནམ་མཁའ་དང་དཀར་བོང་བོང་གི་སྤྲིན་པ་སོགས་མཚོ་ངོས་སུ་ལྡོག་འཕྲོ་བྱས་ཡོད་ལ། ཡུལ་སྐོར་པས་སེང་རས་ལག་པས་གཡུགས་ཤིང་བརྙན་མིག་གི་མདུན་དུ་གདོང་ལ་འཛུམ་མདངས་རྒྱས།

ལྕགས་ལམ་རིང་མོ་ཞིག་ཚྭ་ཁ་ཚྭ་མཚོའི་ལྗོངས་ཁུལ་དུ་གན་རྐྱལ་དུ་ལོག་པ་ལྟར་འཐེན་འདུག་ལ། དེས་ལོ་རྒྱུས་ཀྱི་ཚོར་སྣང་སྦྱིན་ཐུབ། སྔོན་ཆད་དོར་བའི་ལྕགས་ལམ་དེ་ཚྭ་ཁ་ཚྭ་མཚོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད། ལྗོངས་ཁུལ་འཛུགས་སྐྲུན་བྱས་པ་དང་བསྟུན་ནས། ཚྭ་ཁུ་འདྲུད་བྱེད་ཀྱི་མེ་འཁོར་ཆུང་ཆུང་དེས་རང་ཉིད་ཀྱི་བཟོ་ལས་ལས་འགན་ཡོངས་འགྲུབ་བྱས་ཏེ། མེ་འཁོར་གྱི་ཤུན་པ་བརྗེས་རྗེས་ཡང་བསྐྱར་བེད་སྤྱོད་བྱེད་བཞིན་ཡོད་པ་དེ་དག་ལྗོངས་ཁུལ་ནང་རོལ་གྱི་ཆེས་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཆེད་དམིགས་ལམ་ཐིག་ཅིག་ཏུ་གྱུར་ཡོད།

“གུང་གསེང་གི་དུས་ཚོད་བེད་སྤྱད་དེ་བཟའ་མི་གང་པོ་མཉམ་དུ་ཡུལ་སྐོར་ལ་ཡོང་བ་ཡིན། ངོ་མས་སྤྲོ་སྐྱིད་ལྡན་པ་ཞིག་རེད”ཅེས་ཟི་ལིང་ནས་ཡོང་བའི་ལྕམ་མོ་ཀྲོའུ་ལགས་ཀྱིས་བཤད་རྒྱུར། དུས་རྒྱུན་ཁོ་མོ་ཅུང་བྲེལ་འཚུབ་ཆེ། ལྔ་པའི་ཚེས་ལྔའི་གུང་གསེང་སྐབས་སུ་ཁྱིམ་མི་དང་མཉམ་དུ་མེ་འཁོར་ཆུང་ཆུང་དུ་བསྡད་པ་དང་། དལ་གྱིས་ཚྭ་མཚོ་བརྒྱུད་དུས་བསེར་བུ་དལ་གྱིས་གཡུགས་ན་སེམས་པ་སྐྱིད་པོ་ཞིག་རེད།

“བརྙན་མིག་ལ་བལྟས་ནས་དལ་མོར་མདུན་དུ་བསྐྱོད་རོགས”ཞེས་ཞི་ཨན་ནས་ཐོན་པའི་ཡུལ་སྐོར་པ་ཀྲའོ་ཞའོ་ནན་གྱིས་རང་གི་གྲོགས་པོར་འཁྱུག་དབྱིངས་བརྙན་ཐུང་ཕབ་བཞིན་འདུག ཁོ་མོས་གསར་འགོད་པར་བཤད་རྒྱུར། འཁྱུག་དབྱིངས་བརྒྱུད་དེ་ཐེངས་དང་པོར་ཚྭ་ཁ་ཚྭ་མཚོ་མཐོང་དུས་ཁོ་མོའི་སེམས་པ་ཡོངས་སུ་བཀུག་སོང་། དེ་ནས་ཚྭ་ཁ་ཚྭ་མཚོར་ཡོང་སྟེ་ཁོ་མོར་དབང་བའི་འཁྱུག་དབྱིངས་བརྙན་ཐུང་ཞིག་ཕབ་བསམ་པ་ཡིན། འདིའི་ཡར་སྔོན་དུ་ཁོ་མོས་འཁྱུག་དབྱིངས་སྟེང་ནས་ཚྭ་ཁ་ཚྭ་མཚོའི་ལྗོངས་ཁུལ་གྱི་བརྙན་ཐུང་འགྲན་སློང་ཞིག་མཐོང་བས། ཐེངས་འདིའི་ལྔ་པའི་ཚེས་ལྔའི་གུང་གསེང་ལ་གྲོགས་པོ་དང་མཉམ་དུ་རླངས་འཁོར་བསྐོར་ནས་ཡུལ་སྐོར་དུ་ཡོང་བ་རེད། ཉེ་བའི་ལོ་འགའི་རིང་ལ། པོད་འཕྲིན་དང་སྐད་འཕྲིན་སོགས་དར་བ་དང་བསྟུན་ནས། ཚྭ་ཁ་ཚྭ་མཚོའི་ཐུན་མོང་མ་ཡིན་པའི་རང་བྱུང་ལྗོངས་ཁུལ་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མང་པོ་བཀུག་ཡོད།

བག་ཕེབས་ཀྱི་ཉེ་འཁོར་ཡུལ་སྐོར།

གུང་གསེང་ཉིན་མོ་སླེབས་ཐེངས་རེར། ཕྱི་རོལ་དུ་ཡུལ་སྐོར་བྱེད་པར་འགྲོ་བ་ནི་ཚང་མའི་གུང་གསེང་རོལ་སྟངས་ཤིག་ཏུ་གྱུར་ཡོད། ད་ལོར། རིམས་ནད་ཀྱི་རྐྱེན་གྱིས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་པྲོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་བསྟར་ནན་མོ་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། གོ་རིམ་ལྡན་པའི་སྒོ་ནས་ལྗོངས་ཁུལ་གྱི་སྒོ་ཕྱེས་པ་དང་། ལྗོངས་ཁུལ་སོ་སོས“ཚད་བཀག་ཡོད་པ་དང་ཁ་ཆད་བགོ་བ། མི་ཚོགས་ལ་གཡོལ་བ”ཡི་དོ་དམ་ལག་བསྟར་བྱས། དེའི་རྐྱེན་གྱིས་མི་མང་པོ་ཞིག་གིས་སྒེར་བསྐོར་ཡུལ་སྐོར་དང་ཐག་ཉེའི་ཡུལ་སྐོར་སོགས་ཀྱི་ཡུལ་སྐོར་ལམ་ཐིག་བདམས་ནས། ཁྱིམ་མི་དང་མཉམ་དུ་ཐོབ་དཀའ་བའི་དུས་ཚོད་བཟང་པོ་ལོངས་སུ་སྤྱོད་བཞིན་ཡོད།

ཟླ6པའི་ཚེས26ཉིན། ཨ་ཕྱི་ཁྲིད་ནས་ཟི་ལིང་མི་དམངས་སྤྱི་གླིང་དུ་འཆམ་འཆམ་བྱེད་བཞིན་པའི་ཙུན་ཙི་མེན་གྱིས་བཤད་རྒྱུར། “དུས་རྒྱུན་དུ་བྱ་བར་བྲེལ་བ་ཆེ་བས། ཨ་ཕྱི་ལ་འདུག་རོགས་བྱེད་པའི་དུས་ཚོད་ཧ་ཅང་ཉུང་། གུང་གསེང་ཉིན་མོ་སྤྱད་དེ་ཨ་ཕྱི་ཁྲིད་ནས་འཆམ་འཆམ་དུ་ཡོང་བ་ཡིན། སེམས་པ་དངོས་གནས་སྐྱིད་པོ་ཞིག་རེད”ཟེར།

“ང་ཚོ་ཁ་སང་ཟི་ལིང་དུ་ཐོན་པ་ཡིན། དེ་རིང་བྱིས་པ་ཁྲིད་ནས་སྤྱི་གླིང་དུ་ཉུལ་ཏེ་ཁོ་ཚོའི་སེམས་ཁམས་ཇེ་སྐྱིད་དུ་བཏང་བ་ཡིན”ཞེས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ནས་ཡོང་བའི་སྐུ་ཞབས་ཧན་ལགས་ཀྱིས་དེ་ལྟར་བཤད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།