རྨ་ལྷོ་ཁུལ་གྱིས“རྨ་ལྷོའི་གདོང་ལེན”བློ་གྲོས་ཏང་འཛུགས་སྐྲུན་གྱི་ སྤྲིན་སྟེགས་དངོས་སུ་དྲ་ཐོག་ནས་བཀོལ་སྤྱོད་བྱེད་མགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། “རྨ་ལྷོའི་གདོང་ལེན”བློ་གྲོས་ཏང་འཛུགས་སྐྲུན་གྱི་སྤྲིན་སྟེགས་དངོས་སུ་དྲ་ཐོག་ནས་སྤྱོད་མགོ་ཚུགས་པའི་མཛད་སྒོ་ཟི་ལིང་དུ་བསྡུས་པར་མ་ཟད། 5Gདྲ་བ་བརྒྱུད་ནས་ཡུལ་དངོས་སུ་ཐད་གཏོང་བྱས།

ཡུལ་དངོས་ནས“རྨ་ལྷོའི་གདོང་ལེན”བློ་གྲོས་ཏང་འཛུགས་སྐྲུན་སྤྲིན་སྟེགས་ཀྱི་དྲིལ་སྒྲོག་བརྙན་ཐུང་བསྟན་པ་དང་། འཕྲིན་སྟེགས་དེས་ཏང་དོན་དོ་དམ་དང་ཏང་གི་འཛུགས་སྐྲུན་གྱི་དཔྱད་བསྡུར། ཏང་ཡོན་གྱི་སློབ་སྦྱོང་སློབ་གསོ། མཉམ་འགུལ་ཞབས་ཞུ་ལ་སོགས་པའི་རྒྱུན་རྣམ་ཅན་གྱི་བཀོལ་སྤྱོད་འབུར་ཐོན་ཡོང་བ་བཅས་བྱས་པའི་རྨང་གཞིའི་ཐོག གཞི་གྲངས་ཆེན་པོ་དང་སྤྲིན་འདུས་རྩིས་རྒྱག མིས་བཟོས་རིག་སྟོབས་སོགས་ཀྱི་ལག་རྩལ་སྤྱད་ནས། གཞི་རིམ་གྱི་ཏང་འཛུགས་སྐྲུན་བྱ་བའི་གནས་ཚུལ་ལ་དུས་ཐོག་གི་གཞི་གྲངས་ངོ་མ་འཚོལ་བསྡུ་བྱེད་པ་དང་། འགུལ་རྣམ་དབྱེ་ཞིབ་བྱེད་པ། ཕྱོགས་བསྡུས་ཞིབ་འཇུག་དང་བརྡར་ཤ་གཅོད་པ་བཅས་བྱས་ནས། ཏང་ཡོན་གྱི་པར་རིས་འབྲི་བ་དང་། རྩ་འཛུགས་ཀྱི་པར་རིས་འབྲི་བ། ཏང་ཡོན་དཔུང་ཁག་དབྱེ་ཞིབ་བྱེད་པ། རྩ་འཛུགས་ཀྱི་འཛུགས་སྐྲུན་དབྱེ་ཞིབ་བྱེད་པ། དུས་ཐོག་ཏུ་སྔོན་ཚུད་ནས་ཉེན་བརྡ་གཏོང་བ་དང་སྔོན་ཚུད་ནས་དཔྱད་མཚམས་གཏོང་བ་སོགས་ཕྱོགས་སྣ་མང་བ་དང་ཆེད་དོན་མང་བའི་གཞི་གྲངས་དབྱེ་ཞིབ་བཀོལ་སྤྱོད་བྱེད་པ་གྲུབ་པར་བརྟེན། ཏང་གི་འཛུགས་སྐྲུན་བྱ་བ་ཚད་མར་གཞལ་ཆོག་པ་དང་། རྩ་འཛུགས་ཀྱི་བྱ་འགུལ་ཁུངས་འདེད་ཆོག་པ། དོན་དངོས་ཀྱི་ཕན་འབྲས་དཔྱད་དཔག་བྱེད་ཆོག་པའི་དམིགས་ཡུལ་དུ་སླེབས་ཡོད་ཅིང་། དེ་ལྟར་ཏང་གི་འཛུགས་སྐྲུན་བྱ་བའི་ཇུས་ཆོད་གང་ཡོད་སྔར་བས་ཚན་རིག་དང་མཐུན་པ་དང་། ཆ་འཕྲིན་སྔར་བས་ཕྱོགས་བསྡུས་སུ་གྲུབ་པ། ལས་སྒོ་སྔར་བས་ལེགས་པར་བསྒྱུར་བ་དང་། དོན་འཁྱོལ་སྔར་བས་ལས་ཕྱོད་མཐོ་བ་བཅས་ཡོང་བར་སྐུལ་འདེད་བཏང་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཏང་གི་འཛུགས་སྐྲུན་བྱ་བའི་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་ཚད་མཐོན་པོའི་མཐོང་ཆེན་བྱས་པ་དང་། “རྨ་ལྷོའི་གདོང་ལེན”བློ་གྲོས་ཏང་འཛུགས་སྐྲུན་གྱི་སྤྲིན་སྟེགས་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་བཏོན་པའི“མཉམ་སྦྲེལ་དྲ་བའི་ལག་རྩལ་དང་ཆ་འཕྲིན་ཅན་གྱི་བྱེད་ཐབས་བཀོལ་སྤྱོད་མཁས་པོ་བྱས་ནས་བྱ་བ་སྤེལ་དགོས”པའི་བླང་བྱ་དག་ལག་ལེན་མཐར་ཕྱིན་དང་དངོས་འབེབས་དོན་འཁྱོལ་བྱེད་པའི་ཆེད་དུ། རང་འགུལ་གྱིས་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་ཆ་འཕྲིན་ཅན་དུ་འཕེལ་རྒྱས་འགྲོ་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་དང་འཚམ་མཐུན་ཡོང་བར་བྱས་འདུག་ཅིང་། ནུས་ཤུགས་ཡོད་རྒུས་སྐྲུན་བཟོ་བྱས་པའི་སྤྲིན་འདུས་རྩིས་རྒྱག་དང་། གཞི་གྲངས་ཆེན་པོ། མིས་བཟོས་རིག་སྟོབས་ལ་སོགས་མདུན་གྲལ་སྙེག་པའི་ལག་རྩལ་ཅི་རིགས་གཞི་གཅིག་ཏུ་འདུས་པའི་བློ་གྲོས་ཅན་གྱི་ཏང་འཛུགས་སྐྲུན་གྱི་ཆ་འཕྲིན་སྟེགས་བུ་བསྐྲུན་ཡོད།

གོམ་སྟབས་རྗེས་མར། རྨ་ལྷོ་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་དམ་པོར་དམིགས་ནས། ཏང་འཛུགས་སྐྲུན་གྱི་ཆ་འཕྲིན་ཅན་གྱི་བསམ་གཞིགས་བརྟན་པོ་ཞིག་འཛུགས་པ་དང་། སྔར་ལས་ལྷག་པར་རྩེ་གྲས་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། ཁོངས་གཏོགས་མ་ལག་གི་ནུས་པ་ཇེ་ལེགས་སུ་བཏང་ནས། བློ་གྲོས་ཀྱི་ནང་དོན་མཐོ་རུ་འདེགས་རྒྱུ་ཡིན་པ་དང་། “རྨ་ལྷོའི་གདོང་ལེན”གྱི་བློ་གྲོས་དང་ལྡན་པའི་ཏང་འཛུགས་སྐྲུན་གྱི་ཆ་འཕྲིན་སྟེགས་བུ་ཡག་པོ་བསྐྲུན་པ་དང་དོ་དམ་ཡག་པོ་བྱེད་པ། བེད་སྤྱོད་ཡག་པོ་བྱེད་པ་བཅས་ཀྱིས། འཕྲིན་སྟེགས་དེ་ཉིད་སྔར་བས་ཕྱོགས་ཡོངས་དང་སྔར་བས་ལས་ཕྱོད་མཐོ་བ། སྔར་བས་རིག་སྟོབས་ལྡན་པ་བཅས་ཀྱི་ཏང་འཛུགས་སྐྲུན་གྱི་ཕྱོགས་བསྡུས་བཀོལ་སྤྱོད་ཞབས་ཞུའི་འཕྲིན་སྟེགས་སུ་འགྱུར་དུ་འཇུག་དགོས་ལ། དེ་ནས་མུ་མཐུད་དུ་ཁུལ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།