ཀ་རིང་ཞང་གི་མདུན་ལྗོངས་ཡག་པོ།

རིམས་ནད་ཀྱིས་མི་རྣམས་ཀྱི་འཚོ་བའི་གོམ་འགྲོས་དཀྲོག་མོད། འོན་ཀྱང་དཔྱིད་ཀའི་རྨོ་འདེབས་ཀྱི་གོམ་སྟབས་ནི་འགོག་ཐབས་བྲལ།ཉེ་ཆར།མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཀ་རིང་བོད་རིགས་ཞང་གིས་ཞིང་ལས་འཕྲུལ་ཆས་ཀྱིས་དཔྱིད་འདེབས་ཐོན་སྐྱེད་ཁྲོད་ཐོན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་།མང་ཚོགས་ཀྱིས་ཞིང་ལས་འཕྲུལ་ཆས་ཧུར་བརྩོན་སྒོས་སྤྱོད་པར་སྣེ་ཁྲིད་ལེགས་པོ་བྱས་ཏེ། ཞིང་ལས་ཐོན་སྐྱེད་བརྟན་བརླིང་ཡོང་བར་ཁག་ཐེག་བྱས། ཞིང་ཁ་དང་མུ་ཁ་ཡོངས་སུ་འཕྲུལ་ཆས་ཀྱི་ལྡིར་སྒྲ་དང་ཞིང་པའི་དགོད་སྒྲ་གཞི་གཅིག་ཏུ་འདྲེས་ཤིང་། ག་ས་གང་དུ་དཔྱིད་འདེབས་ལ་བརྩོན་པའི་བྲེལ་འཚུབ་ཀྱི་རྣམ་པ་ཞིག་ཤར་འདུག

“‘ཡིག་ཆ་ཨང་དང་པོ’དང་རྫོང་གི་ལས་བྱེད་པ་བརྒྱ་ལྷག་གཞི་རིམ་དུ་འགྲོ་བའི་བྱ་འགུལ་དང་སྦྲེལ་ཏེ། ད་ལོར་ཞང་ཡོངས་ཀྱིས་འདེབས་འཛུགས་ལས་འགན་སྤྱི་ཆིང་ཁྲི1400འགྲུབ་རྩིས་ཡོད་ལ།མིག་སྔར་གྲོ་སྤྱི་ཆིང933བཏབ་ཟིན་པ་དང་།རྗེས་མར་ད་རུང་སྡེ་བ་སོ་སོས་མུ་མཐུད་དུ་ནུས་ཤུགས་ཡོད་རྒུ་འདོན་པ་དང་། འཕྲུལ་ཆས་འདེབས་འཛུགས་ཀྱི་ཆ་རྐྱེན་ལེགས་པོ་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་ལས་ཐོན་སྐྱེད་ཀྱི་ཕན་འབྲས་མཐོར་འདེགས་གཏོང་བ་དང་།‘ཕྱོགས་གཉིས་ནས་འཛིན་པ་དང་ཕྱོགས་གཉིས་ནས་སྐུལ་འདེད་གཏོང་བ།ཕྱོགས་གཉིས་ལ་འགོར་འགྱངས་མི་ཐེབས་པའི’བསམ་བློ་མཐའ་གཅིག་ཏུ་དངོས་འབེབས་དོན་འཁྱོལ་བྱ་རྒྱུ་རེད།”

ཞང་ཏང་ཨུའི་ཧྲུའུ་ཅི་རྡོ་བྷ་ཡིས་གསར་འགོད་པར་བཤད་རྒྱུར། རིམས་ནད་ཀྱིས་ཞིང་ལས་ཐོན་སྐྱེད་ལ་ཤུགས་རྐྱེན་ཐེབས་ཚད་ཇེ་དམའ་རུ་གཏོང་ཆེད།ཀ་རིང་ཞང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་དང་དཔྱིད་འདེབས་ཐོན་སྐྱེད་གཉིས་མཉམ་དུ་བཀོད་སྒྲིག་བྱས་ཏེ།ཞིང་ལས་ཐོན་སྐྱེད་ཀྱི་ལས་དོན་སྣ་ཚོགས་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བཞིན་ཡོད།དེ་ལས་གཞན་ད་རུང་མ་དངུལ་སྒོར་ཁྲི600ལྷག་བཏང་བའི“མཚར་སྡུག་གི་ཀ་རིང”ཞེས་པའི་ཡུལ་སྐོར་ལས་གཞི་དེའང་ན་ནིང་གི་ལོ་མཇུག་ཏུ་ཡོངས་སུ་འགྲུབ་ཡོད་ལ། དེའི་ནང་དུ་སྣེ་ལེན་ཁང་དང་བོད་ལུགས་ཞིང་པའི་སྤྲོ་སྐྱིད་ཁང་། ལྕོག་ཁང་། དོས་ལམ། ཐང་ཆེན་སོགས་ཡོད།

མཚམས་སྦྱོར་བྱས་པ་ལྟར་ན། ལས་གཞི་དེ་འཁོར་སྐྱོད་བྱས་རྗེས། ལོ་རེར་ཡུལ་སྐོར་པ་ཁྲི་གཉིས་ལྷག་སྣེ་ལེན་བྱེད་ཐུབ་པས།ཕྱོགས་གཅིག་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་བརྒྱུད་དེ་མང་ཚོགས་ཀྱི་མི་སྡོད་ཁོར་ཡུག་ལེགས་སྒྱུར་བྱེད་ཐུབ་པ་དང་།ཕྱོགས་གཞན་ཞིག་ནས་ཀ་རིང་ཞང་གི་ཡར་ག་སྡེ་བ་དང་མར་ག་སྡེ་བ་གཉིས་ཀྱི་ཐོན་ལས་གྲུབ་ཚུལ་སྔར་ལས་ལེགས་སྒྲིག་བྱེད་པ་དང་།ངལ་རྩོལ་པ་ལྷག་མ་སྔར་ལས་མང་པོ་ཞིག་ལས་ཀར་ཞུགས་སུ་བཅུག་སྟེ། དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་བརྟན་བརླིང་ངང་གོང་དུ་སྤར་ཐུབ།

ཀ་རིང་ཞང་ནི་ཞུན་ཧྭ་རྫོང་གི་ནུབ་ལྷོའི་མཚམས་སུ་ཡོད་ལ། ཞུན་ཧྭ་རྫོང་གི་བོད་རིགས་ཞང་བཞི་པོའི་ཁྲོད་ཀྱི་ཆེས་དབུལ་ཕོངས་ཀྱི་ཞང་དེ་རེད།ཞང་ཡོངས་སུ་སྲིད་འཛིན་སྡེ་བ11ཡོད་པ་དང་། སྤྱིའི་མི་གྲངས6000མི་ལོངས་པའི་རོང་མ་འབྲོག་གི་ཞང་ཞིག་ཡིན་མོད།འོན་ཀྱང་དབུལ་ཕོངས་ས་ཁུལ་འདི་ལྟ་བུ་ཞིག་ལ་གདོད་མའི་ནགས་ཚལ་གྱི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད།

ཀ་རིང་ཞང་དུ་ཐོན་རྗེས། མཐོ་དམའ་མི་འདྲ་བའི་རི་ཚོགས་ཁྲོད། ཕྱུགས་ར་དང་སྐས་ཞིང་། མུའུ་ཁྲི་ཡི་ཐང་ཤིང་སོགས་ཀྱི་རང་བྱུང་ཡུལ་ལྗོངས་མང་པོ་ནི་མཛེས་སྡུག་གི་རི་མོ་ཞིག་དང་མཚུངས།ནང་སྒོས་སུ་རྒྱ་ཁྱོན་ལ་སྤྱི་ཆིང9300ཡོད་པའི་ཀ་རིང་ནགས་ར་ཡོད་པས།རྒྱང་རིང་ནས་བལྟས་ན་ནགས་ཚལ་གྱིས་བསྐོར་ཞིང་བརྗིད་ཆགས་ཡིད་དུ་འོང་བ་ཞིག་རེད། རྒྱུས་ལོན་བྱུང་བ་ལྟར་ན། ནགས་ར་དེ་ནི་ཧུའུ་ཀྲུའུ་བྱང་རི་ནགས་ར་ཕུད་པའི་མཚོ་ཤར་གྲོང་ཁྱེར་གྱི་ནགས་ར་ཆེན་པོ་ཨང་གཉིས་པ་ཡིན་པས། གནས་དེ་ནི་ཞུན་ཧྭ་རྫོང་གི་ཆེས་ཆེ་བའི་རང་བྱུང་དབྱང་ཤག་ཏུ་གྱུར་ཡོད།

ཀ་རིང་ཞང་གི་ཐོན་ལས་ལ་གདོད་མའི་ཡུལ་ལྗོངས་ཁོ་ན་ལས་མེད་པ་གཏན་ནས་མ་ཡིན་ཏེ། ད་རུང་ནས་ནག་དང་ཀྲུང་བོད་སྨན་རྫས། སུར་པན། གཡེར་མ་སོགས་ཀྱི་ཁྱད་ལྡན་ཐོན་ལས་མང་པོ་ཡོད་ལ།དབུལ་སྐྱོར་ཐོན་ལས་ཡིན་པའི་ཆ་ནས།ལས་གཞི་ཆེ་མ་ཆུང་གསུམ་དེ་དག་གིས་ནུས་པ་ཐོན་མགོ་བརྩམས་ཡོད། དཔེར་ན་ཀ་རིང་ཞང་ཕྱུག་རི་སྡེ་བས་ནས་ནག་འདེབས་པར་བརྟེན་ནས་བསྙལ་བའི་ནས་ཆང་ནི་ས་གནས་སུ་མིང་དུ་གྲགས་པའི་ཆས་རྟགས་ཤིག་ཏུ་གྱུར་ཡོད་པར་མ་ཟད།ཀ་རིང་ཞང་གི་མདུན་ལྗོངས་ཧ་ཅང་ལེགས་པའི་རེ་གཞག་ཐོན་ལས་སུའང་གྱུར་ཡོད།

ཕྱུག་རི་སྡེ་བ་ནི་ཀ་རིང་ཞང་གི་ཆེས་མཐའ་འཁོབ་ཏུ་གནས་པའི་སྡེ་བ་ཞིག་ཡིན་པས། སྡེ་བ་ཡོངས་སུ་ཁྱིམ་ཚང59དང་མི317ལས་མེད་མོད།འོན་ཀྱང་ལོ་ངོ་བརྒྱ་ལྷག་གི་ནས་ཆང་བསྙལ་བའི་ལོ་རྒྱུས་ལྡན་པས། ཞུན་ཧྭ་རྫོང་དུ“ནས་ཆང་གི་ཕ་ས”ཞེས་འབོད་ཀྱིན་ཡོད།

རྡོ་བྷས་བཤད་རྒྱུར། ཕལ་ཆེར་སྡེ་བའི་ནང་གི་ཁྱིམ་ཚང་རེ་རེར་ནས་ཆང་བསྙལ་བའི་ལག་རྩལ་ཡོད་པར་མ་ཟད།ནས་ཆང་བསྙལ་བའི་ཅ་ལག་ཡོད་ཚད་སྲོལ་རྒྱུན་གྱི་ཅ་ལག་ཡིན་པ་དང་།རྒྱུ་ཆ་དང་བསྲེ་སྦྱོར་ཡོངས་རྫོགས་ལག་བཟོས་ཡིན།དེ་ལྟར་བྱས་ན་ད་གཟོད་ནས་ཆང་གི་ཞིམ་མངར་ལ་ཁག་ཐེག་བྱེད་ཐུབ།ཡིན་ནའང“ཆང་ལ་ཞིང་མངར་ལྡན་རུང་ལམ་ཐག་རིང་པོར་སྐྲག”པ་དང་།དེའི་ཁར་གཞི་ཁྱོན་ཅན་གྱི་ཚོང་གཉེར་དང་ཚད་གཞི་ཅན་གྱི་ཐོན་སྐྱེད་ཅིག་ཆགས་མེད་པས།ཕྱུག་རི་སྡེ་བའི་ནས་ཆང་དེ་ཡུན་རིང་པོར་ཁྱིམ་ཚང་ནང་དུ་བསྙལ་བའི་ཞིང་ལས་ཆུང་བའི་དཔལ་འབྱོར་རྣམ་པ་རུ་ལུས་ཡོད།

2014ལོར། སྡེ་མི་སངས་རྒྱས་རྒྱ་མཚོ་དང་རྟ་མགྲིན་ཚེ་རིང་།ཤ་བོ་ཚེ་བརྟན་སོགས་མི་ལྔ་ཡིས་མ་དངུལ་སྒོར་ཁྲི30གྲབས་གསོག་བྱས་ཏེ་ཆང་གི་བཟོ་གྲྭ་འཛུགས་རྒྱུ་ཐག་བཅད་པ་དང་།ཐོན་སྐྱེད་གཞི་ཁྱོན་རྒྱ་ཆེར་གཏོང་ཆེད།ཀ་རིང་ཞང་གི་རོགས་སྐྱོར་སྦྲེལ་གནས་ལས་ཁུངས་ཡིན་པའི་ཆ་ནས།མཚོ་སྔོན་ཞིང་ཆེན་དྲིལ་སྒྲོག་པུའུ་ཡིས་ཀྱང་སྒོར་ཁྲི30ཡི་མགོ་སློང་མ་དངུལ་བྱིན།

བཟོ་གྲྭ་ལས་པ་དང་སྒྲིག་ཆས་ཉོ་བ།སྡེ་དམངས་ལ་མ་རྐང་འཇོག་པར་སྐུལ་སློང་བྱེད་པ་སོགས་སྡེ་བ་ཧྲིལ་པོའི་ལས་དབང་དང་འབྲེལ་བའི་བྱ་གཞག་ཆེན་པོ་ཞིག་མི་མང་ཤོས་ཀྱིས་མི་ཤེས་པའི་གནས་ཚུལ་འོག་དེ་ལྟར་ལུང་བ་ཆུང་ཆུང་དེ་རུ་མགོ་བརྩམས།

ལོ་དེར་བཟོ་གྲྭ་ཆུང་ཆུང་ཞིག་དེ་ལྟར་ས་གནས་མང་ཚོགས་ཀྱི་ཐུགས་ཁུར་འོག་ཀྲོང་ངེར་འགྱིངས་པ་དང་། དེ་ནས་བཟུང“ཞུན་ཧྭ་རྫོང་ཕྱུག་རི་ནས་ཆང་ཚད་ཡོད་ཀུང་སི”བཙུགས་པ་ཁྱབ་བསྒྲགས་བྱས་ཤིང་།“ཁེ་ལས+ཞིང་ཁྱིམ”གྱི་བདག་གཉེར་བྱེད་སྟངས་ལྟར།ཀུང་སིས་སྡེ་མིས་རང་ཁྱིམ་ནས་བསྙལ་བའི་ནས་ཆང་ཉོ་བསྡུ་བྱས་པའི་རྨང་གཞིའི་སྟེང་། ཡང་བསྐྱར་བཟང་སྒྲུག་བྱས་ཤིང་ཕྱི་ཐུམ་བརྒྱབ་པས། ལས་སྣོན་ཞིབ་མོ་བྱས་ཏེ་གཅིག་གྱུར་གྱིས་ཕྱིར་འཚོང་བྱེད་པ་མངོན་འགྱུར་བྱུང་།

ལོ་འགའི་རིང་ལ། ཀུང་སི་དེས་སྔ་གཞུག་ཏུ་རོགས་སྐྱོར་མ་དངུལ་དང་རྐང་འཇོག་མ་དངུལ་སྒོར་ཁྲི273བརྩོན་ལེན་བྱས་ཏེ། ཚད་གཞི་ཅན་གྱི་སྐྱུར་བསྙལ་འཁོར་ཁང་དང་མཛོད་ཁང་། བརྟག་བཤེར་ཁང་སོགས་བསྐྲུན་པ་དང་།དུས་མཚུངས་སུ་མཐའ་འཁོར་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ལ་ཆང་བསྙལ་དགོས་པའི་སྐུལ་སློང་བྱས་པས། ཁྱིམ་ཚང་རེར་ལོ་རེའི་ཡོང་སྒོ་སྒོར5000རེ་སྐྲུན་ཞིང་། དཔལ་འབྱོར་སྤྱི་ཚོགས་ཀྱི་ཕན་འབྲས་ཧ་ཅང་མངོན་གསལ་རེད།

ལག་རྩལ་གསར་བསྒྱུར་གྱི་ཐབས་བཀོད་རབ་དང་རིམ་པ་འཐེན་རྗེས།ད་ལྟའི་ཕྱུག་རི་སྡེ་བར་ནས་འདེབས་པ་ནས་ཆང་བསྙལ་བའི་བར་གྱི་ཐོན་སྐྱེད་སྦྲེལ་ཐག་ཅིག་ཆགས་ཡོད་ལ། ལོ་རེའི་ཐོན་ཚད་དང་ཐོག་གི་སྤྱི་རྒྱ་ཁྲི1ནས་ད་ལྟའི་སྤྱི་རྒྱ་ཁྲི5ལ་རྒྱ་བསྐྱེད་ཡོད་པས།ལོ་རེའི་ཐོན་རིན་སྒོར་ཁྲི177རེད།

2019ལོར།ཕྱི་ཐུམ་ཡག་པོ་བརྒྱབ་པའི“ཀ་རིང་ཕྱུག་རིའི་ནས་ཆང”གིས“རྒྱང་ཐག་རིང་བའི་དབང་གིས་ཤེས་མཁན་མེད་པའི”འཚོ་བ་མཇུག་རྫོགས་ཏེ།ཐོག་མར་ཅང་སུའུ་ཞིང་ཆེན་ཝུའུ་ཞི་གྲོང་ཁྱེར་ལིའང་ཞི་ཆུས་ཀྱི་ཚོང་རར་བཀྲམས་པས། དུས་དེ་ནས་བཟུང་ནས་ཆང་ལ་བརྟེན་ནས་ཅང་ནན་གནའ་གྲོང་དང་མཚོ་སྔོན་བོད་ཡུལ་བར་དུ་ལས་ཀྱི་འབྲེལ་བ་ཟབ་མོ་ཞིག་ཆགས།དེ་ནི་ཞུན་ཧྭ་རྫོང་གིས་ཤར་ནུབ་རྒྱུད་དབུལ་སྐྱོར་མཐུན་ཚོགས་ཀྱི་གོ་སྐབས་བེད་སྤྱད་དེ།ཚོང་འགུག་དངུལ་འདྲེན་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་ཞིག་ཡིན་ལ།“ཕྱི་རུ་འགྲོ་བ”དང“ནང་དུ་འདྲེན་པ”བརྒྱུད་དེ་ཐོབ་པའི་དཔལ་འབྱོར་ཉོ་ཚོང་མཉམ་འབྲེལ་གྱི་ཕན་འབྲས་ཀྱང་རེད།

“ནས་ནི་སྦགས་བཙོག་གང་ཡང་ཐེབས་མེད་པའི་གདོད་མའི་ཟས་རིགས་ཀྱི་གྲས་ཡིན་པར་མ་ཟད།དེའི་ནང་དུ་མདོག་ནག་སྔོ་རྒྱུ་མང་པོ་འདུས་པས།ཉེ་བའི་ལོ་འདི་འགར།རྒྱ་ཆེའི་འཛད་སྤྱོད་པ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཀྱིན་ཡོད།དེ་ནི་ང་ཚོའི་ཀ་རིང་ནས་ཆང་གི་གསང་བའང་ཡིན།”ཞེས་རྡོ་བྷས་དེ་ལྟར་མཚམས་སྦྱོར་བྱས་ཤིང་། ཞིང་པ་མང་པོ་ནས་འདེབས་པར་ཞུགས་པའི་སྤྲོ་སེམས་སྔར་ལས་ཆེ་བས།སྡེ་བ་རེ་རེའི་དཔལ་འབྱོར་འཕར་གནས་གསར་པར་གྱུར་ཡོད།ད་ལོ།ཀ་རིང་རྫོང་གིས་ཁྱད་དུ་མངའ་བའི་འདེབས་འཛུགས་ལེགས་ཆར་བརྟེན་ནས།ནས་ནག་འདེབས་འཛུགས་རྟེན་གཞི་སྤྱི་ཆིང300ལྷག་གིས་རྒྱ་བསྐྱེད་ཡོད།

“ཞིང་ཕན་སྲིད་ཇུས་སྣ་ཚོགས་ཀྱི་རྒྱབ་སྐྱོར་འོག ཀ་རིང་ཞང་གི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་སྔར་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཅིག་ཏུ་བསྡུས་ཏེ། སྡེ་བའི་ཐུན་མོང་གི་དཔལ་འབྱོར་མེད་པ་ནས་ཡོད་པར་བྲེལ་བཞིན་ཡོད་ལ།ནས་ཆང་ལས་ང་ཚོར་ད་རུང་སྔོ་ལྗང་གི་རི་ཆུ་ཡོད་པས། མི་འགྱང་བར་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་སྣེ་ལེན་བྱེད་ཆོག”རྡོ་བྷས་གཟི་བརྗིད་ཀྱི་ངང་ནས་ང་ཚོར་དེ་ལྟར་བཤད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།