དབུལ་སྐྱོར་གནས་སྤོ་ནི་འཚོ་བ་གསར་པའི་རྨང་རྡོ་ཡིན།

དབྱར་ཟླ་ལྔ་པའི་གུང་ཧོ་རྫོང་གི་ནམ་མཁའ་ནི་གཡའ་དག་ལ་ས་གཞི་ནི་རྡུལ་དྭངས། རྟ་བདུན་དབང་པོའི་ཉི་ཟེར་གྱིས་ཨིར་སྟི་ཞང་ཆོས་ཚ་སྡེ་གསར་གྱི་ཁྱོན་ཀུན་གསལ་གྱི་ལེར་བཏང་།

ཟླ7པའི་ཚེས2ཉིན། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཐོག་དང་བར་ཐག་སྤྱི་ལེ་གསུམ་ཙམ་ཡོད་པའི་དབུལ་སྐྱོར་གནས་སྤོ་བྱས་པའི་ཆོས་ཚ་སྡེ་གསར་གྱི་ཐང་ཆེན་དུ་ཐོན་དུས། ཐོག་མར་མིག་ལམ་དུ་མངོན་པ་ནི་གསར་དུ་ཨར་ལས་བྱས་པའི་སྡེ་བའི་བྱ་འགུལ་ཁང་དང་བྱིས་སྙོར་ཁང་། སྨན་ཁང་། གྲ་དག་ལ་ཕྲེང་སྟར་བསྒྲིགས་པའི་སྡོད་ཁང་བཅས་རེད། དེ་ལས་ཀྱང་ཉམས་དགའ་བ་ནི་མཐོ་སྒང་གི་མཁར་གྲོང་གསར་པ་དེ་རུ་ཉམས་ཀྱིས་ཕྱུག་པའི་ལོ་ཆུང་བྱིས་པ་ཚོས་རོལ་རྩེད་བྱེད་པ་དང་རྒས་ཤིང་འཁོགས་པའི་རྒན་རྒོན་ཚོས་སོས་དལ་བག་ཕེབས་ངང་ལབ་གླེང་བྱེད་བཞིན་པའི་ཡིད་འོང་གི་རྣམ་པས་མིག་དབང་ཅིག་ཅར་དུ་ཕྲོགས་ཤིང་དེར་རོལ་མྱོང་བྱེད་པའི་མོད་ལ། “ཁྱེད་ཚོ་བདེ་མོ་ཡིན་ནམ”ཞེས་པའི་ཚིག་སྙན་ལ་སྒྲ་དག་པའི་སྐད་ཀྱིས་རྟ་མཆོག་སྒྲོག་ལས་ཤོར་བ་དང་མཚུངས་པའི་ཡིད་སེམས་ཕྲ་མོ་དབང་མེད་ཀྱིས་དེའི་ཕྱོགས་སུ་ཁྲིད། ཁོ་ནི་ཆོས་ཚ་སྡེ་གསར་གྱི་ན་གཞོན་སྡེ་དཔོན་རིན་ཆེན་རྡོ་རྗེ་རེད། ད་ལོ་ལོ39ཡིན་པ་དང་། ཁོའི་གདོང་ལ་བཅོས་མ་མིན་པའི་འཛུམ་མདངས་ཤིག་ཤར་ཏེ་ང་ཚོའི་མདུན་ནས་བསུས་པ་དང་། ང་ཚོ་མཉམ་དུ་སྡེ་བའི་བྱ་འགུལ་ཁང་གི་གཞུང་ལས་ཁང་དུ་སོང་ནས་ཁ་བརྡ་བྱས་པ་ཡིན།

ཨིར་སྟི་ཞང་ཆོས་ཚ་སྡེ་བ་ནི་གུང་ཧོ་རྫོང་སྲིད་གཞུང་གི་སྡོད་གནས་ཆབ་ཆ་གྲོང་རྡལ་གྱི་ནུབ་ཕྱོགས་སུ་ཡོད་ལ། ཞང་སྲིད་གཞུང་དང་བར་ཐག་སྤྱི་ལེ21ཡོད། རྫོང་ཡོངས་ཀྱི་ཚགས་བཙུགས་བྱང་སྒྲིག་གི་དབུལ་ཕོངས་སྡེ་བ40ཁྲོད་ཀྱི་གཅིག་ཡིན་པ་དང་། སྡེ་བ་ཡོངས་སུ་ཚགས་བཙུགས་བྱང་སྒྲིག་གི་དབུལ་ཕོངས་ཁྱིམ་ཚང174དང་མི644ཡོད། སྡེ་བ་དེའི་ཡོང་སྒོ་གཙོ་བོ་ནི་ཕྱི་ཡུལ་ནས་ཞོར་ལས་དང་ཕྱུགས་ཟོག་ཉུང་ཙམ་འཚོ་བ་ལས་གཞན་ཅི་ཡང་མེད།

སྡེ་མི་རྟ་བྷེ་ལ་མཚོན་ན་འཚོ་བར་ཧ་ཅང་དཀའ་ཁག་ཆེ་བའི་དབུལ་ཕོངས་ཁྱིམ་ཚང་ཞིག་རེད། ལོ་འགའི་སྔོན་ལ་དོན་རྐྱེན་ཞིག་བྱུང་བའི་ཁར་རང་ཉིད་ལ་ཁྲག་ཤེད་མཐོ་བའི་ནད་བྱུང་ཡོད་པས་ཡོང་སྒོ་བཙལ་ཐུབ་ཀྱིན་མེད། “ངེད་ཚང་ལ་སྔོན་ཆད་ས་ཁང་ཙམ་ལས་ཅི་ཡང་མེད། ད་ལྟ་རྒྱལ་ཁབ་ཀྱིས་བྱིན་པའི་ཁང་པ་ཡོད་ལ། རྩྭ་སའི་ཁ་གསབ་ལོ་རེར་སྒོར3000རེ་ལེན་ཐུབ་པར་མ་ཟད། ཟླ་རེར་འཚོ་བའི་ཁ་གསབ་སྒོར700ཡོད་པས་འཚོ་བ་ཧ་ཅང་སྐྱིད་ཀི”ཟེར།

ཆོས་ཚ་སྡེ་བ་ནི་དུས་ཡུན་རིང་པོར་སྡོད་ཁང་གི་ཆ་རྐྱེན་ཞན་པ་དང་རང་བྱུང་གི་ཁོར་ཡུག་མི་ལེགས་པ། དཔལ་འབྱོར་གྱི་ཡོང་སྒོ་དམའ་བ། རྨང་གཞིའི་སྒྲིག་ཆས་སོགས་ཕྱོགས་གང་ཐད་ནས་ཞན་པའི་རི་འདབས་སུ་མི་རབས་ནས་མི་རབས་བར་ཕྱུགས་ལས་རྐྱང་རྐྱང་ལ་བརྟེན་ནས་དཀའ་སྡུག་གི་འཚོ་བ་རོལ་བཞིན་པའི་འབྲོག་སྡེ་ཞིག་རེད། 2017ལོར། སྡེ་བ་དེ་གའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མགོ་ཁྲིད་ཚན་ཆུང་གིས་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་དང་གུང་ཧོ་རྫོང་གི“ས་ཕྱོགས་གཅིག་གི་ས་ཆུ་ཡིས་ས་ཕྱོགས་གཅིག་གི་མི་གསོ་སྐྱོང་བྱེད་མི་ཐུབ་པར”ས་གནས་གཞན་དུ་གནས་སྤོ་བའི་རྩ་དོན་ལ་གཞིགས་ནས། གནས་སྤོ་དང་དབུལ་ཐར་མཉམ་སྐྱོད་བྱེད་པ། བདེ་སྡོད་དང་ལས་བརྩོན་མཉམ་འཛིན་བྱེད་པ་རྒྱུན་འཁྱོངས་གང་ལེགས་བྱས། 2018ལོར། བསྡོམས་པས་རྒྱལ་ཁབ་ཀྱི་མ་དངུལ་སྒོར་ཁྲི2550.06བརྩོན་ལེན་བྱས་ཏེ། ཚགས་བཙུགས་བྱང་སྒྲིག་དབུལ་ཕོངས་ཁྱིམ་ཚང101པོ་ཚང་མ་རྒྱལ་ལམ109ཡི་ལམ་འགྲམ་གྱི་ཆོས་ཚ་སྡེ་གསར་དུ་གནས་སྤར། ཁྱིམ་ཚང་རེས་རང་གྲབས་མ་དངུལ་སྒོར་ཁྲི1རེ་དང་རྒྱབ་ཁབ་ཀྱིས་མ་དངུལ་སྒོར་ཁྲི10རེ་བཏང་ནས་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་སྡོད་ཁང་གསར་པ་ལས། 2019ལོར་རྒྱལ་ལམ109དང་གུང་ཧོ་ནས་ཚྭ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་ཕྱིར་གཏོང་གི་ལམ་འགྲམ་དུ་ཡོད་པའི་གཞུང་ལམ་གྱི་དགེ་མཚན་ལ་བརྟེན་ནས། སྡེ་བ་ཡོངས་ཀྱི་ཁྱིམ་ཐོན་ཐོན་ལས་མ་དངུལ་དང་དེ་འབྲེལ་གྱི་དབུལ་སྐྱོར་མ་དངུལ་བཅས་ཕྱོགས་གཅིག་ཏུ་བསྡུས་པ་བསྡོམས་པས་སྒོར་ཁྲི858.69ལྷག་བཏང་ནས་ཟ་ཁང་དང་མགྲོན་ཁང་། ཚོང་ཁང་། རླངས་འཁོར་ཞིག་གསོ་བྱེད་ས་བཅས་གཞི་གཅིག་ཏུ་འདྲེས་པའི་ཐོག་ཁང་ཞིག་གསར་དུ་བསྐྲུན་ནས་ལོ་གཅིག་ལ་ཡོང་སྒོ་སྒོར་ཁྲི40ལྷག་བཙལ་ལ། དེ་མིན་སྡེ་མི་རྣམས་ལ་ལག་རྩལ་སྣ་མང་གསོ་སྦྱོང་བྱས་ཏེ་ཡོང་སྒོ་བཙལ་བའི་ལམ་བུ་མཁོ་སྤྲོད་བྱས་ནས་འཚོ་བ་གསར་པར་སྐྱོད་མགོ་བརྩམས་ཡོད།

གསར་འགོད་པ་སྡེ་དཔོན་རིན་ཆེན་རྡོ་རྗེའི་སྣེ་ཁྲིད་འོག་རིན་ཆེན་རྒྱལ་ཚང་ལ་སོང་བ་ན། ཁོས་བློ་རྩེ་གཅིག་སྒྲིམ་གྱིས་བོད་ལྭ་བཟོ་བཞིན་འདུག ། ཁོས་ང་ཚོ་མཐོང་མ་ཐག་མྱུར་དུ་ལས་མཚམས་བཞག་ནས“ཁྱིམ་ལ་ཤོག”ཅེས་རྩུབ་ཅིང་རག་པའི་ལག་ཟུང་གཉིས་ཀས་ཤིང་གི་འབོལ་ཁྲི་བསྟན་ནས“འདིར་སྡོད་དང” “སྔོན་ཆད་ཕྱུགས་ཟོག་རེ་གཉིས་ཙམ་འཚོ་བ་ལས་ཡོང་སྒོ་བཙལ་མི་ཐུབ་པས། འཚོ་བར་དཀའ་ཁག་ཆེ། ད་ལྟ་ས་འདི་རུ་གནས་སྤར་བ་ནས་བཟུང་། རྩྭ་སྲུང་གི་སྒོར་མོ་ལེན་ཐུབ་པར་མ་ཟད། བོད་ལྭ་བཟོ་རྩལ་སྦྱངས་ནས་ལོ་རེར་སྒོར་ཁྲི1ནས2ལྷག་བཙལ་ཐུབ། ད་ལྟ་འཚོ་བ་སྐྱིད་པོ་འདི་འདྲ་ཞིག་རོལ་ཐུབ་པ་རྨི་ལམ་དུའང་རྨིས་མ་མྱོང”ཞེས་དགའ་སྤྲོས་བཤད། ཁོ་ཚང་གི་ཁྱིམ་ཆས་བསྒྲིགས་སྟངས་སོགས་ལ་བལྟས་པ་ན། གྲོང་ཁྱེར་གྱི་ཁྱིམ་ཚང་ཞིག་གི་འཚོ་བ་རོལ་སྟངས་དང་གཉིས་སུ་མེད།

ཆོས་ཚ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་དཀོན་མཆོག་དོན་འགྲུབ་ཀྱིས་བཤད་རྒྱུར། “ང་དང་ཐོག་སྡེ་བ་འདིར་ཡོང་དུས། སྡེ་མི་རྣམས་ཀྱི་ཁྲིམས་ལུགས་འདུ་ཤེས་དང་བསམ་པའི་གོ་རྟོགས། གཙང་སྦྲ་སོགས་ཕྱོགས་གང་ཐད་ནས་དེ་འདྲ་བཟང་རྒྱུ་མི་འདུག ལོ་འདི་དག་གི་རིང་ལ། ཁ་ཏ་སློབ་གསོ་དང་ཁྲིམས་ལུགས་ཤེས་བྱ་སོགས་དྲིལ་སྒྲོག་བྱས་པ་བརྒྱུད། ཁོ་ཚོའི་བསམ་བློར་རིམ་བཞིན་འགྱུར་བ་བྱུང་འདུག ལྷག་པར་དུ་སྡེ་བའི་ནང་དུ་རྡུང་རེས་རྒྱག་མཁན་དང་རྩོད་གཞི་སློང་མཁན་གཅིག་ཀྱང་མེད་པར་ཡ་རབས་སྲོལ་བཟང་གི་ལམ་དུ་ཞུགས་ཡོད་པས། ཨིར་སྟི་ཞང་གི་བདེ་འཇགས་སྡེ་བ་དང་པོར་བདམས་ཡོད”ཟེར།

ད་ལྟ་སྡེ་བ་འདི་གའི་སྡེ་མི་རྣམས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་ཉི་ཟེར་དྲོན་མོ་དང་བསྡོངས་ནས་བདེ་སྐྱིད་ཀྱི་འཚོ་བ་གསར་པའི་ལམ་ཁ་རུ་ལེ་ལོ་དང་སྒྱིད་ལུག་གི་གཤིས་ངན་རུལ་བ་ཤུགས་ཀྱིས་དོར་ཞིང་། ཡར་རྒྱས་གོང་འཕེལ་གྱི་བརྩོན་སེམས་དང་དཀའ་ངལ་ཁྱད་གསོད་ཀྱི་སྤོབས་པ་མཐོན་པོའི་དཔུང་རྡང་གཅིག་ཏུ་སྦྲེལ་ནས་བདེ་སྐྱིད་ཀྱི་འཚོ་བ་གསར་པར་འབད་བཞིན་མཆིས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།