མོང་གོལ་སྡེ་བའི་མང་ཚོགས་ཀྱི་གདོང་ལ་དགའ་བའི་འཛུམ་མདངས་ཤར།

“ད་ལོར་ཡང་སྲིད་ཇུས་བཟང་པོ་ཡོད་ཀི་ཟེར།”

“འོ་ལེ། ཡོང་འབབ་ཅི་འདྲ་ཡིན་ནམ།”

“ཡོང་འབབ་ལོ་སྔོན་མ་ལས་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཡོད་ཀི་ཟེར།”

དབྱར་ཟླ་ལྔ་པར་མཚོ་སྔོན་པོའི་མཐའ་འཁོར་གྱི་རྩྭ་ཐང་དུ་མེ་ཏོག་སྣ་ཚོགས་ཁྲ་ལམ་མེར་བཞད་དེ་གསོན་ཉམས་ལྡན་པ་ཞིག་རེད། ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་མོང་གོལ་སྡེ་བའི་ཡུལ་སྐོར་ཞབས་ཞུ་ཐང་ཆེན་དུ། ཞོགས་པ་སྔ་མོ་ནས་ལམ་ལ་ཆས་ཡོང་བའི་སྡེ་མི་མང་པོའི་གདོང་ལ་འཛུམ་གྱིས་ཁེངས་བཞིན་ཡུལ་སྐོར་དབུལ་སྐྱོར་གྱི་ཁེ་སྤོགས་བགོ་བཤའ་རྒྱག་པའི་མཛད་སྒོ་མགོ་རྩོམ་པར་སྒུག་འདུག་ལ། ཡུད་ཙམ་འགོར་རྗེས་ཁེ་སྤོགས་བགོ་བཤའ་རྒྱག་པའི་མཛད་སྒོ་དངོས་སུ་མགོ་བརྩམས་པ་དང་། ཡུལ་སྐོར་ཞབས་ཞུ་ཐང་ཆེན་དུ་དགའ་བསུ་ཞུ་བའི་ཐལ་མོ་རྡེབ་སྒྲ་དང་བཅས་ཡུལ་དངོས་སུ་དགའ་སྤྲོའི་ཡོ་ལང་རྒྱས། སྡེ་མི་རྣམས་སྔ་གཞུག་ཏུ་ཤོག་སྒོར་དམར་ལམ་མེར་བསྒྲིགས་ཡོད་པའི་ཅོག་ཙེའི་ཁར་འདུས་ཏེ་མིང་རྟགས་བཀོད་རྗེས་འཛུམ་མདངས་ལྷུག་པོར་གྲོལ་བཞིན་ལག་ཏུ་ཤོག་སྒོར་མཐུག་པོ་རེ་བཟུང་སྟེ་ལོགས་སུ་རྩི་བཞིན་འདུག

ད་ལོར་ལོ་ན55ལ་སོན་ཡོད་པའི་ཨ་ནེ་ཁོན་ཐར་སྐྱིད་ཀྱང་དེ་རིང་གི་ཁེ་སྤོགས་རེག་མཁན་གྱི་གྲས་ཤིག་ཡིན་ལ། ཨ་ནེ་ལ་བུ་གཉིས་ཡོད་པའི་གྲས་ཀྱི་ཆེ་བ་ལོ5ཡི་སྔོན་ལ་རླངས་འཁོར་གྱི་དོན་རྐྱེན་བྱུང་སྟེ་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བས། མནའ་མ་དང་ཚ་བོ་གསུམ་གའི་འཚོ་ཚིས་ཀྱི་ཁུར་བོ་ལྕི་མོ་དེ་ཨ་ནེ་དང་མནའ་མ་གཉིས་ཀྱི་ཕྲག་ཏུ་ལྷུང་ཞིང་།གྱར་རེ་ཞིག་ཁོ་ཚང་གི་འཚོ་བ་ཡིད་སྐྱོ་བའི་གནས་སུ་ཡིན་ནའང་། དཀའ་ཁག་ལ་འཕྲད་ཚེ་ཏང་དང་རྒྱལ་ཁབ་ནི་མང་ཚོགས་རྒྱབ་ཕྱོགས་ཀྱི་དཔུང་རོགས་བརྟན་པོ་ཡིན་ཞེས་པ་ལྟར། ཏག་ཏག་སྐབས་དེར་རྒྱབ་ཁབ་ཀྱི་གནད་ཁེལ་དབུལ་སྐྱོར་གྱི་སྲིད་ཇུས་བཟང་པོ་བཏོན་པའི་སྐབས་དང་འཕྲད་དེ། ཨ་ནེ་དང་མནའ་མ་ཚང་ཡང་ཚགས་བཙུགས་བྱང་སྒྲིག་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་ཚུད་པ་དང་། དུས་དེ་ནས་བཟུང་ཨ་ནེ་ཁོན་ཐར་སྐྱིད་བཟའ་མི་གང་བོའི་འཚོ་བའི་བརྟེན་ས་ཉག་གཅིག་པུའང་རྒྱལ་ཁབ་ཀྱི་དབུལ་སྐྱོར་རོགས་དངུལ་ཡིན་ཞེས་བཤད་ཆོག ཡིན་ཡང་ཨ་ནེ་མོ་རང་ལ་རྒྱལ་ཁབ་ཀྱི་དབུལ་སྐྱོར་རོགས་དངུལ་གཅིག་པུར་སྒུག་བརྟེན་སློང་གསུམ་བྱེད་པའི་དྲན་ཚུལ་རྩ་བ་ནས་མེད་པར་མ་ཟད། སྔར་ལས་ལྷག་པར་སྙིང་རུས་བརྟན་ཞིང་བློ་སྤོབས་ཆེར་བསྐྱེད་དེ། མི་ལོ་ཉི་ཤུ་རིང་ལ་རིག་སྨོན་གྲོང་རྡལ་བཅའ་སྡོད་སློབ་ཆུང་དུ་ཇ་མའི་ལས་ཀ་གཉེར་བའི་ཉམས་མྱོང་གཞིར་བཞག་པའི་སྟེང་། བཀྲ་ཤིས་པའི་རྟེན་འབྲེལ་ཡང་འགྲིག་གི་དཔེ་བཞིན། འབྲེལ་ཡོད་སྲིད་ཇུས་ཀྱི་བཀོད་སྒྲིག་ལྟར་ཁོ་མོར་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་མངགས་གཏོང་ཁང་གི་ཇ་མ་བྱེད་པའི་གོ་སྐབས་ཐོབ་ནས་ཟླ་རེར་ཟླ་ཕོགས་སྒོར2000ཙམ་ཡོད་ལ། ཁྱིམ་གྱི་ཡོང་འབབ་ཇེ་མང་དུ་སོང་བ་དང་བསྟུན་ནས་མནའ་མས་ཀྱང་སྲེག་ཟས་བཙོངས་ནས་ཡོང་སྒོ་བཙལ་ཏེ། བཟའ་མི་གང་བོའི་ཁ་རྒྱབ་ལ་འདང་རྒྱག་མེད་པར་གྱུར།

དཀའ་སྡུག་གི་འཚོ་བ་དང་རིང་དུ་གྱེས་ཤིང་བདེ་སྐྱིད་ཀྱི་སང་ཉིན་ལ་རེ་བས་བརྟས་པའི་ཨ་ནེ་ཁོན་ཐར་སྐྱིད་ནི་ལས་ངན་རུང་ལས་རོགས་བརྒྱ་ཡིས་བཏེགས་ཡོད་དེ། 2016ལོ་ནས་བཟུང་མོ་ཚང་ལ་སྔ་ན་མེད་པའི་ཡོང་འབབ་ལྷག་མ་ཞིག་ཐོབ་ལ། དེ་ནི2010ལོར་མོང་གོལ་སྡེ་བ་ཡོངས་ཀྱི་ཁྱིམ་ཚང349པོས་རང་དབང་རང་འཐད་ཀྱི་རྩ་དོན་ལྟར། དབུལ་ཕོངས་ཁྱིམ་ཚང་རེས་སྒོར8000རེ་དང་། དབུལ་ཕོངས་མ་ཡིན་པའི་ཁྱིམ་ཚང་རེས་སྒོར12000རེའི་མ་དངུལ་རང་གྲབས་བྱས་པ་དང་། རྒྱལ་ཁབ་ཀྱིས་ཆེད་དམིགས་རོགས་སྐྱོར་མ་དངུལ་འབོར་ཆེན་བཏང་སྟེ་རིག་སྨོན་གྲོང་རྡལ་གྱི་མཐའ་རུ་སོག་གུར་གྱི་རྣམ་པའི་རུ་སྤོར་གཏན་སྡོད་ཁང་པ61ལས་ཡོད་པ་དེ་ལོ་གསུམ་བཞིའི་རིང་ལ་བེད་མེད་ཁང་སྟོང་དུ་ལུས་ཏེ། དེར་མ་དངུལ་བཏང་བའི་ཁྱིམ་ཚང་རྣམས་ཅི་བྱ་གཏོལ་བྲལ་དུ་གྱུར་བའི་སྐབས་སུ། སི་ཁྲོན་དང་བོད་ལྗོངས་སོགས་སུ་ཡུལ་སྐོར་གྱི་ཚོང་དོན་གཉེར་བའི་གངས་རི་དཀར་པོ་མཉམ་ལས་ཚོང་ཚོགས་ཀྱིས་མོང་གོལ་སྡེ་བའི་ཨུ་ཡོན་ལྷན་ཁང་དང་ཁྱིམ་ཚང61པོར་ལོ་ངོ20རིང་གི་གན་རྒྱ་བཞག་སྟེ་གླས་སྤྱོད་བྱེད་མགོ་བརྩམས་ཤིང་། ས་མུའུ76ཡོད་པའི་སར་སྒོར་ཁྲི2000ལྷག་གི་མ་དངུལ་བཏང་སྟེ་རིག་སྨོན་གྲོང་རྡལ་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུ་ས་གནས་ཤིག་གསར་དུ་ལས་པ་དང་། མཚོ་སྔོན་པོའི་མཐའ་འཁོར་དུ་ཆགས་པའི་ས་གནས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་ཞིང་། མོང་གོལ་སྡེ་བའི་སྡེ་མི་མང་པོར་ལས་རྐང་འདོན་སྤྲོད་བྱས་ནས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་པར་རམ་འདེགས་བྱས། དེ་མིན་ད་དུང་དང་ཐོག་བཞག་པའི་གན་རྒྱའི་ཁྲོད་དུ་སྔོན་མའི་ལོ་བཅུ་ཡི་རིང་ལ་ཁྱིམ་ཚང་རེར་ལོ་རེར་སྒོར3000རེ་ཡི་ཁེ་སྤོགས་བགོ་རྒྱུ་ཐག་གིས་བཅད་ཡོད་ཅིང་། ལོ་ལྔ་རེའི་ནང་ནས་ཐེངས་གཅིག་རེར་ཁེ་སྤོགས་རྩིས་སྤྲོད་རྒྱག་གིན་ཡོད། མ་གཞི་དེ་རིང་ཡང་སྔོན་མའི་ལོ་བཅུ་བོའི་ནང་གི་ཁེ་སྤོགས་བགོ་བཤའ་རྒྱག་ཐེངས་གཉིས་པ་ཡིན་ལ། ཁྱིམ་ཚང་རེར་ཁེ་སྤོགས་སྒོར15000རེ་བགོས་པ་རེད།

ཁེ་སྤོགས་བགོ་བཤའ་བརྒྱབ་ཚར་དུས་ཧ་ལམ་ཉིན་གུང་གི་དུས་ཚོད་ཡོལ་ལ་ཉེ་ནའང་། མོང་གོལ་སྡེ་བའི་ཡུལ་སྐོར་རིག་གནས་ཐང་ཆེན་དུ་མང་ཚོགས་སྔར་ལས་ཇེ་མང་དུ་སོང་ཞིང་འབྲེལ་ཡོད་ཀྱི་སྲིད་ཇུས་འདྲི་རྩད་བྱེད་ཞོར་གདོང་ལ་དགའ་བའི་འཛུམ་མདངས་རྒྱས་འདུག །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།