དཔོན་པོ་བཟང་པོའི་བཀའ་དྲིན་ལ། སྡེ་བ་ཕྱི་ནང་འཆམ་ཞིང་མཐུན།

“ཧྲུའུ་ཅི་ཁྱེད་བདེ་མོ་ཡིན་ནམ།”

“བདེ་མོ་ཡིན། ཁྱེད་ཚང་གིས་སྡོད་ཁང་མཛེས་སྤྲས་བྱས་པ་ཅི་འདྲ་རེད། ”

“མཛེས་སྤྲས་བྱེད་བཞིན་པའི་སྒང་ཡིན། ”

ཟླ7པའི་ཚེས2ཉིན། གསར་འགོད་ཚན་ཆུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཨིར་སྟི་ཞང་ཆུ་རྔ་སྡེ་བའི་ཧྲུའུ་ཅི་དང་པོ་རིན་ཆེན་ནོར་བུ་དང་མཉམ་དུ། ཆབ་ཆ་གྲོང་རྡལ་དང་བར་ཐག་སྤྱི་ལེ་དགུ་ཡོད་ཅིང་རྒྱལ་ལམ109པའི་འགྲམ་དུ་ཆགས་པའི་སྡེ་བ་དེའི་དབུལ་ཕོངས་གནས་སྤོར་བྱེད་ས་སྐྱིད་གྲོང་དུ་ཐོན་དུས། རྒན་པ་ཞིག་དགའ་སྤྲོའི་ངང་ང་ཚོའི་ཕྱོགས་སུ་བརྒྱུགས་ཡོང་ཞིང་ཧྲུའུ་ཅི་དང་པོ་རིན་ཆེན་ནོར་བུའི་ལག་པར་འཇུས་ནས་འཚམས་འདྲི་བྱས་བྱུང་། དེ་ནི་ཕན་ཚུན་ཤིན་ཏུ་སྙིང་ཉེ་བའི་མི་གཉིས་ཡུན་རིང་ཞིག་ལ་མ་འཕྲད་པར་དེ་རིང་གཞི་ནས་འཕྲད་པ་དང་མཚུངས་ལ། འདི་ལས་ང་ཚོས་སྡེ་བའི་ཧྲུའུ་ཅི་དང་མང་ཚོགས་བར་གྱི་འབྲེལ་བ་ཇི་ལྟ་བུ་ཞིག་ཡིན་པ་རྟོགས་ཐུབ།

རྒན་པ་དེའི་མིང་ལ་ལྷ་ཆེན་ཚེ་རིང་ཟེར་ཞིང་། ད་ལོ་ལོ65སྟེ། ཁོ་ཚང་ཡང་སྐྱིད་གྲོང་དུ་དབུལ་སྐྱོར་གནས་སྤོར་བྱས་ཡོད་པའི་ཆུ་རྔ་སྡེ་བའི་ཚགས་བཙུགས་བྱང་སྒྲིག་དབུལ་ཕོངས་ཁྱིམ་ཚང25ཡི་གྲས་རེད། ཁོས་རེ་བ་ནན་ཞུ་བྱས་པ་ལྟར་ང་ཚོ་ཁོ་ཚང་དུ་བལྟ་རུ་སོང་བའི་མོད་ལ། མིག་མདུན་དུ་མངོན་ཡོང་བ་ནི་ཁོད་ཡངས་ཤིང་ནང་གསལ་བའི་ཁྱམས་ར་དང་།ལྕགས་ཆ་དང་སོ་ཕག་ཁོ་ནས་བསྐྲུན་པའི་སྡོད་ཁང་སོགས་ཡིན་ལ། ཁང་པའི་ནང་དུ་མཛེས་སྤྲས་སུ་སྤྱོད་པའི་རྒྱུ་ཆ་སྣ་ཚོགས་སྤུངས་འདུག རྒན་པ་དེས་གདོང་ལ་ཡིད་ཆེས་དང་དགའ་སྤྲོའི་ཉམས་ཤིག་ཕྱུང་བཞིན་ཧྲུའུ་ཅི་རིན་ཆེན་ནོར་བུ་ལ་ཁང་པ་ཇི་ལྟར་མཛེས་སྤྲས་བྱེད་པའི་འཆར་གཞི་རྣམས་རེ་རེ་བཞིན་གླེང་བའི་ཚུལ་ནི། རང་གི་ནང་མི་ཞིག་ལ་ཁང་པ་མཛེས་སྤྲས་སོགས་བྱེད་པའི་ཐད་ཀྱི་གྲོས་བསྡུར་བྱེད་པ་དང་མཚུངས།

ཁོས་གསར་འགོད་པར“རང་ལའང་ཁང་པ་འདི་ལྟ་བུ་ཞིག་དབང་སྲིད་པ་རྨི་ལམ་དུའང་རྨིས་མ་མྱོང་།ཧྲུའུ་ཅི་རིན་ཆེན་ནོར་བུ་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གཉིས་ལ་སེམས་གཏིང་ནས་བཀའ་དྲིན་ཞུ་བཞིན་ཡོད”ཅེས་གདོང་ལ་དགའ་བའི་འཛུམ་མདངས་ཀྱིས་ཁེངས་བཞིན་དེ་ལྟར་བཤད།

ལས་ནས་འགྲུབ་ལ་ཉེ་བའི་ཁོད་ཡངས་ཤིང་ངོས་སྙོམས་པའི་སྡེ་བའི་སྲང་བར་གྱི་བགྲོད་ལམ་བརྒྱུད་ནས་འགྲོ་ཞོར་དུ། ཧྲུའུ་ཅི་རིན་ཆེན་ནོར་བུ་ཡི་གདོང་ལ་འཛུམ་མདངས་དང་བཅས་ཏེ“སྡེ་གསར་འདི་རུ་བསྡོམས་པས་ཁྱིམ་ཚང69ཡོད་ལ། དེའི་ནང་ཆུ་རྔ་སྡེ་བའི་ཁྱིམ་ཚང57དང་། དེ་དང་ཞང་གཅིག་ཡིན་པའི་གཡང་རོང་སྡེ་བའི་ཁྱིམ་ཚང12ཡོད། ཆུ་རྔ་སྡེ་བའི་ཁྱིམ་ཚང25ནི་ཚགས་བཙུགས་བྱང་སྒྲིག་དབུལ་ཕོངས་ཁྱིམ་ཚང་ཡིན་པས། སྨི་གྲུ་བཞི་མ60ཡོད་པའི་སྡོད་ཁང་རེར་མ་དངུལ་སྒོར་ཁྲི6རེ་དང་། གྱང་ར་དང་རྒྱ་སྒོ། སྤྱོད་ཁང་གསུམ་པོར་སྒོར16200རེ་བཏང་བ་ཚང་མ་རྒྱལ་ཁབ་ཀྱི་མ་དངུལ་ཡིན།”ཞེས་ང་ཚོར་སྐྱིད་གྲོང་སྡེ་བའི་གནས་ཚུལ་མཚམས་སྦྱོར་བྱས་པ་སྟེ། སྡོད་ཁང་དང་སྲང་བར་གྱི་བགྲོད་ལམ། ས་འོག་གི་བཙོག་ཆུའི་སྦུག་ལམ་སོགས་རེ་རེ་བཞིན་ཞིབ་མོར་མཚམས་སྦྱོར་བྱེད་པའི་སྐབས་སུ། མཚམས་རེར་སྡེ་མི་འགར་འཕྲད་ཡོང་། དེ་དག་ཀྱང་རྒན་པ་ལྷ་ཆེན་ཚེ་རིང་དང་འདྲ་བར་དགའ་དུངས་དུངས་ཀྱིས་ཧྲུའུ་ཅི་རིན་ཆེན་ནོར་བུར་འཚམས་འདྲི་བྱས་པར་མ་ཟད། ཁྱིམ་དུ་འབོད་མཁན་ཡང་ཤིན་ཏུ་མང་། དེའི་ནང་ནས་གདོང་ལ་མིག་ཤེལ་གྱོན་པའི་རྒན་པོ་ཞིག་གིས་ང་ཚོ་ཁོ་ཚང་ལ་ནན་གྱིས་བོས་པས། ང་ཚོའང་ཁོའི་རྗེས་དེད་ནས་ཁོ་ཚང་དུ་སོང་བ་ཡིན་ལ། ནང་དུ་ཐོན་མ་ཐག་མདུན་ཅོག་སྟེང་དུ་གོར་སྡེར་བསྒྲིགས་ཤིང་འོ་ཇ་བླུགས་ནས་མགྲོན་བསུ་བྱས།

“དེ་རིང་ནམ་ཟླ་ཡག་ག”

“དེ་རིང་བཞིན་ཉིན་འགར་གནམ་ཐང་རྒྱུ་ན། ང་ཚོའི་སྲང་བར་གྱི་བགྲོད་ལམ་དང་བཙོག་ཆུའི་སྦུག་ལམ་དག་ཀྱང་མྱུར་དུ་འགྲུབ་ངེས་རེད། ”

ཁོའི་མིང་ལ་ཀླུ་འབུམ་རྒྱལ་ཟེར་ཞིང་། ལོ60ཡིན་ལ། ཆུ་རྔ་སྡེ་བ་ནས་སྐྱེས་ཏེ་འཚར་ལོངས་བྱུང་ཞིང་། ད་ལྟ་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་ལས་བྱེད་པ་རྒན་པ་ཞིག་རེད།

“སྐྱེས་ས་སྐྱེས་ཡུལ་ཆུ་རྔ་སྡེ་བ་ཡིན་ལ། རྒས་སའང་ཆུ་རྔ་སྡེ་བ་ཡིན་སྲིད། ཆུང་དུས་ནས་རྒྱལ་ཁབ་ཀྱི་བཀོད་སྒྲིག་ལྟར་ཕྱོགས་ཡར་མར་བཅོ་བརྒྱད་དུ་བསྡད་ནས་རྒྱལ་ཁབ་དང་མང་ཚོགས་ལ་བརྩོན་པས་ཞབས་འདེགས་ཞུས་པ་ཡིན་རུང་།རང་སྡེ་བར་ཕན་ཅི་ཡང་ཐོགས་མ་མྱོང་། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་ཉི་ཟེར་དང་།ཧྲུའུ་ཅི་རིན་ཆེན་ནོར་བུ་སོགས་ཀྱིས་རང་རེའི་སྡེ་དམངས་ཀྱི་ཆེད་དུ་ཉིན་མོའི་ཟས་དང་མཚན་མོའི་གཉིད་ཆག་ནས་འབད་བརྩོན་ལྷུར་ལེན་བྱེད་པ་མཐོང་ན།རང་ཉིད་ཀྱང་ཆབ་ཆའི་སྲང་ལམ་དུ་ཁོམ་ནས་སྡོད་པར་ངོ་གནོང་བ་ཞིག་རེད།དེའི་རྐྱེན་གྱིས་དང་བླངས་པ་ཞིག་གི་ཚུལ་དུ་འཛུགས་སྐྲུན་བྱེད་བཞིན་པའི་སྐྱིད་གྲོང་སྡེ་བའི་འཛུགས་སྐྲུན་ལ་ལྟ་སྐུལ་བྱེད་ཞོར་དུ་ལས་ཀ་པ་རྣམས་ལ་འོ་ཇ་བསྐོལ་ནས་ཁོ་ཚོས་རང་སྡེ་བར་ཤ་ཚ་ཚ་དང་སྙིང་ཉེ་ཉེ་ཡིས་འཛུགས་སྐྲུན་བྱེད་པར་རེ་བ་འཛིན་བཞིན་ཡོད ”ཅེས་བཤད།

དེ་མིན་སྔོན་ཆད་མིང་ཙམ་ལས་མེད་པའི་སྡེ་བའི་བོད་ལུག་གསོ་སྤེལ་མཉམ་ལས་ཁང་ད་ལྟ་ལུག་གིས་བཀང་སྟེ་གུང་ཧོ་རྫོང་ཁོངས་ཡོངས་སུ་དཔེར་བལྟ་ས་ཞིག་ཏུ་གྱུར་ཡོད་པ་དང་། སྔོན་ཆད་ས་ཁང་དུ་སྡོད་པའམ་ཡང་ན་རང་ལ་དབང་བའི་སྡོད་ཁང་མེད་པ་ནས་ད་ལྟ་གྲ་དག་ལ་རྒྱུ་སྤུས་བཟང་བའི་སྡོད་ཁང་མེད་པའི་ཁྱིམ་ཚང་གཅིག་ཀྱང་མེད་པའི་བར། ལེ་ལོ་དང་སྒྱིད་ལུག་གི་གཤིས་ངན་དང་སྒུག་བརྟེན་སློང་གསུམ་གྱི་འཚོ་བ་རིང་དུ་དོར་ནས། ཡར་རྒྱས་གོང་སྤེལ་གྱི་བརྩོན་སེམས་དང་དཀའ་ངལ་ཁྱད་གསོད་ཀྱི་སྤོབས་པས་ཁེངས་ཏེ་བདེ་སྐྱིད་ཀྱི་འཚོ་བ་གསར་པར་འབད་པའི་གྲུབ་འབྲས་འདི་དག་ནི། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་ཉི་ཟེར་དྲོན་མོ་འཕྲོས་པའི་དྲིན་དང་།མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་མངགས་ཡོང་བའི་ཧྲུའུ་ཅི་དང་པོ་རིན་ཆེན་ནོར་བུ་སོགས་ཀྱིས་བརྩོན་པ་ལྷུར་ལེན་བྱས་པའི་རྔུལ་ཆུ་དང་མཛད་བཟང་ལས་མ་བྱུང་བ་གཅིག་ཀྱང་མེད་ཅེས་བརྗོད་ཆོག་པར་འདུག་གོ །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།