མཚོ་སྔོན་ཞིང་ཆེན་གྱིས་འབྲུབ་འགོག་ཐན་འགོག་བྱ་བ་བཀོད་སྒྲིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆར་བ་བསྟུད་མར་བབས་པའི་རྐྱེན་གྱིས་རྨ་ཆུ་སྟོད་རྒྱུད་ཀྱི་འབབ་ཆུ་རྒྱུན་ཆད་མེད་པར་འཕར། མཚོ་སྔོན་ཞིང་ཆེན་གྱིས་ཟླ6པའི་ཚེས20ཉིན་གྱི་དུས་ཚོད9ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་རྨ་ཆུ་འབབ་རྒྱུད་ས་ཁུལ་དུⅣརིམ་པའི་བྲེལ་བསྟུན་འབྲུབ་འགོག་བྱེད་མགོ་བརྩམས་ཤིང་། འབྲེལ་ཡོད་སྡེ་ཁག་དང་ཞིང་ཆེན་འབྲུབ་འགོག་བཀོད་འདོམས་པུའུ་ཡི་ཁོངས་གཏོགས་སྡེ་ཁག་གི་འགན་ཁུར་པས་མདུན་གྲས་སུ་བཀོད་འདོམས་བྱེད་པ་དང་། གནམ་གཤིས་འགྱུར་ལྡོག་དང་ཆུ་རྒྱས་གནས་ཚུལ་ལ་དོ་སྣང་ནན་མོ་བྱས་ཏེ། ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་གཏོང་བ་དང་སྐོར་ཞིབ་འགོག་སྲུང་བྱེད་པ། ཉེན་འགོག་རོགས་སྐྱོར་སྟོབས་ཤུགས་སྔ་མོ་ནས་བཀོད་སྒྲིག་བྱེད་པ་སོགས་ཀྱི་བྱ་བ་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན།

འབྲུབ་འགོག་ཐན་འགོག་བྱེད་རྒྱུ་ནི་རིམ་པ་སོ་སོའི་སྲིད་གཞུང་དང་ལས་རིགས་སྡེ་ཁག་གི་འདོར་ཐབས་མེད་པའི་འགན་འཁྲི་ཡིན་པས། ས་གནས་སོ་སོས་སྲིད་འཛིན་དཔོན་པོའི་འགན་འཁྲི་ལམ་ལུགས་སྲོག་ཤིང་ཡིན་པའི་འབྲུབ་འགོག་ཐན་འགོག་བྱ་བའི་འགན་འཁྲི་ལམ་ལུགས་དངོས་འབེབས་ནན་མོ་བྱས་ཏེ། འགན་འཁྲི་པ་ལས་རྐང་དུ་ཡོད་པ་དང་ཡུལ་དངོས་སུ་འགྲོ་བ། མདུན་གྲས་སུ་བཀོད་འདོམས་བྱེད་པ་བཅས་ཀྱིས་འགན་ཁུར་ལག་བསྟར་ནན་མོ་བྱས་ནས། གཞི་རིམ་གྱི་འབྲུབ་འགོག་ཐན་འགོག་བྱེད་ཐབས་སྣ་ཚོགས་སྔར་བས་ཞིབ་མོར་སྒྲུབ་པ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བྱེད་པ། ཕྱོགས་སོ་སོའི་ཐོན་ཁུངས་བཀོད་སྒྲིག་ལེགས་པོ་བཅས་བྱེད་དགོས།

འབྲུབ་འགོག་གནས་ཚུལ་ཉིན་རེར་ཛ་དྲག་ཏུ་འགྱུར་བཞིན་ཡོད་པས། འབྲེལ་ཡོད་ས་ཁུལ་དང་རིམ་པ་སོ་སོའི་འབྲུབ་འགོག་བཀོད་འདོམས་པས་འགོག་སྲུང་བྱེད་ཐབས་ལེགས་སྒྲུབ་དང་། སྐོར་ཞིབ་འགོག་སྲུང་དང་ཉེན་ཁ་ཐག་གཅོད་ལེགས་སྒྲུབ་བྱེད་དགོས། གནད་ཆེའི་དུས་རིམ་དང་གནད་ཆེའི་གནས་ས་དམ་འཛིན་བྱས་ཏེ། མངོན་མེད་ཉེན་ཁ་མུ་མཐུད་དུ་རིམ་བཤེར་བྱེད་དགོས། འབྲུབ་འགོག་བྲེལ་བསྟུན་གྱི་སྔོན་འགོག་འཆར་གཞི་ལེགས་བཅོས་བྱས་ནས་སྔོན་འགོག་འཆར་གཞི(འཆར་ཟིན)ཡི་ཁ་གཏད་རང་བཞིན་དང་བཀོལ་ཆོག་རང་བཞིན་སྔར་བས་ཇེ་དྲག་ཏུ་གཏོང་བ་དང་། ཚན་རིག་དང་མཐུན་ལ་ནུས་མཐོ་གོ་ཆོད་ཡོང་བར་ཁག་ཐེག་བྱེད་དགོས། གསོ་སྦྱོང་རྩལ་སྦྱོང་ལ་ཤུགས་སྣོན་དགོས། རིམ་པ་སོ་སོའི་འབྲུབ་འགོག་ཐན་འགོག་ནུས་ཤུགས་ཇེ་དྲག་ཏུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་རྩ་འཛུགས་བྱེད་པར་མ་ཟད། ས་ཁུལ་གལ་ཆེན་དུ་འབྲུབ་འགོག་སྦྱོང་བརྡར་བྱས་ཏེ་ཆུ་སྐྱོན་གྱི་འདུ་ཤེས་དང་ལག་བསྟར་ནུས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། བྲེལ་བསྟུན་མྱུར་སྐྱོབ་རུ་ཁག་གི་དངོས་འཐབ་ནུས་ཤུགས་ཇེ་དྲག་ཏུ་གཏོང་དགོས། དངོས་པོ་གསོག་འཇོག་བྱེད་པར་ཤུགས་སྣོན་དགོས། “གྲ་སྒྲིག་བྱས་ཏེ་བཀོལ་ས་མེད་ནའང་། བཀོལ་ས་ཡོད་དུས་གྲ་སྒྲིག་མེད་མི་རུང་བ”ཡི་རྩ་དོན་ལྟར། དོན་དངོས་གནས་ཚུལ་ལ་གཞིགས་ནས། བབ་བསྟུན་ཉེན་སྐྱོབ་དངོས་པོ་གསོག་འཇོག་བཟང་པོ་བྱེད་པ་དང་། འབྲུབ་འགོག་ཉེན་སྐྱོབ་ཀྱི་དགོས་མཁོར་ཁག་ཐེག་བྱེད་དགོས།

དུས་མཉམ་དུ་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཆར་ཆུ་དང་ཆུ་རྒྱས་གནས་ཚུལ་ལ་དུས་ཐོག་ཏུ་རྗེས་འདེད་ལྟ་ཞིབ་ཚད་ལེན་བྱས་ནས། ས་ཁུལ་གལ་ཆེན་ལ་ཆར་བ་དང་ཆུ་རྒྱས་གནས་ཚུལ་གྱི་སྔོན་བརྡ་ལེགས་པར་རྒྱག་དགོས་པ་དང་། ཆ་འཕྲིན་མཉམ་རོལ་དང་གྲོས་མོལ་ཞིབ་འཇུག་རྩད་གཅོད་ལ་ཤུགས་བསྣན་ནས་གནད་ཁེལ་བབ་བསྟུན་བྱེད་དགོས། ཆུ་མཛོད་དང་ཆུ་རྫིང་། ཆུ་རགས་སོགས་ཀྱི་ས་གནས་གལ་ཆེན་ལ་དོ་སྣང་བྱས་ཏེ། ས་གནས་ཁ་ཤས་ལ་དྲག་ཆར་བབས་ཏེ་ཆུ་ལོག་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར། རྨང་གཞིའི་སྒྲིག་བཀོད་བཅས་ལ་ཉེན་ཁ་བཟོ་བ་ནན་འགོག་བྱེད་དགོས། མགོ་ཁྲིད་ལས་བྱེད་པས་དུས་ཚོད24ཡི་རིང་ལ་ལས་རེས་བྱེད་པའི་ལམ་ལུགས་དངོས་འབེབས་ནན་མོ་བྱས་ཏེ། ཆུ་ལོག་ལ་སྐོར་ཞིབ་དང་ལྟ་ཞིབ་ཚད་ལེན་བྱེད་གྲངས་ཇེ་མང་དུ་གཏོང་དགོས་ལ། འབྲུབ་འགོག་ཐན་འགོག་བྱ་བ་དང་འབྲེལ་བའི་དམངས་འཚོ་འགན་སྲུང་དང་འབྲུབ་འགོག་དུས་སྐབས་ཀྱི་བདེ་འཇགས་སོགས་ཕྱོགས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་ཁོང་དུ་ཆུད་དགོས། ཆ་འཕྲིན་ཡར་ཞུ་དང་ཁྱབ་སྤེལ་བྱེད་པའི་བྱ་བར་ཤུགས་སྣོན་བྱས་ཏེ། གླེང་ཕྱོགས་ཀྱི་སྣེ་ཁྲིད་པར་ཤུགས་སྣོན་པ་དང་། དམངས་ཡོངས་ཀྱི་དོ་ཁུར་བྱེད་པ་དང་མཐུན་སྒྲིལ་གནོད་འགོག་གི་སྤྱི་ཚོགས་སྣང་ཚུལ་བསྐྲུན་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་ཁྱོན་ཡོངས་ནས་འགྲུབ་པར་སྐུལ་འདེད་ཀྱི་ཆེད་དུ་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།