མཚོ་སྔོན་དུ་བསྟུད་མར་ཆར་བབས་པས་ས་གཤིས་གནོད་འཚེ་འབྱུང་བར་དོགས་ཟོན་བྱ་དགོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་སྡེ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཚེས8ཉིན་ནས་བཟུང་མཚོ་སྔོན་གྱི་ས་ཁུལ་མང་ཆེ་བར་བསྟུད་མར་ཆར་བབས་ཡོད། དུས་ཐུང་ནང་ས་ཁུལ་མང་པོར་ཆུ་ལོག་བྱུང་ཞིང་ས་ཆ་ཁག་ཅིག་ཏུ་རི་ཉིལ་བ་སོགས་ས་གཤིས་གནོད་འཚེ་འབྱུང་གིན་ཡོད། སྔོན་བརྡ་གསར་ཤོས་ལྟར་ན། ད་དུང་དུས་ཡུན་ངེས་ཅན་ཞིག་ལ་མུ་མཐུད་དུ་ཆར་འབབ་རྒྱུ་ཡིན་པས། གནམ་གཤིས་ཆེད་མཁས་པས་མཚོ་སྔོན་ལྷོ་རྒྱུད་དུ་བསྟུད་མར་ཆར་བབས་པའི་རྐྱེན་གྱིས་ས་གཤིས་ཀྱི་གནོད་འཚེ་འབྱུང་རྒྱུར་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས།  

སྔོན་བརྡ་གསར་ཤོས་ལྟར་ན། ཟླ7པའི་ཚེས10ནས་ཚེས11ཉིན་བར་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་མང་ཆེ་བར་ད་དུང་ཆར་འབབ་རྒྱུ་རེད། དེའི་ནང་མཚོ་སྔོན་ལྷོ་རྒྱུད་དུ་ས་ཁོངས་རང་བཞིན་གྱི་ཆར་འབྲིང་ཙམ་འབབ་རྒྱུ་དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་བྱང་རྒྱུད་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ནུབ་ཏུ་ཆར་ཆེན་འབབ་རྒྱུ་རེད། ཚེས11ནས་ཚེས12ཉིན་བར་ཞིང་ཆེན་ཡོངས་ཀྱི་ས་ཁུལ་མང་ཆེ་བར་ནུབ་བྱང་རླུང་རྒྱུན་ཤུགས་རྐྱེན་ཐེབས་ནས་གནམ་གཤིས་ཇེ་ལེགས་སུ་འགྲོ་རྒྱུ་ཡིན་ལ། དབུས་ཤར་ས་ཁུལ་དུ་ཁ་འཐོར་རང་བཞིན་གྱི་ཆར་པ་ཟམ་ཟིམ་དང་ཐོལ་ཆར་བབས་རྒྱུ་རེད།

གནམ་གཤིས་ཆེད་མཁས་པས་ཉེ་དུས་མཚོ་སྔོན་དུ་དུས་ཐུང་ནང་དྲག་ཆར་བབས་ཚད་མཐོ་བས། གློག་འཁྱུག་ཐོག་རྒྱག་དང་སེར་བ། ཆུ་ལོག་དང་ཞོད་སྐྱོན་སོགས་གནོད་འཚེའི་རང་བཞིན་གྱི་གནམ་གཤིས་ཀྱིས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་རྒྱུར་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས། མཚོ་སྔོན་ལྷོ་རྒྱུད་དུ་ཆར་འབབ་ཚད་མང་བ་དང་ས་རྒྱུའི་ཆུ་གསོག་ཚད་ཆེ་བས་འདམ་རུད་དང་རི་ཉིལ་བ་སོགས་ས་གཤིས་གནོད་འཚེར་དོགས་ཟོན་བྱེད་དགོས།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།