ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་མཐོ་རྒྱུགས་དཀྱུས་མའི་དངོས་གཞི་སློབ་མ་བསྡུ་ཐེངས་དང་པོ་དང་གཉིས་པ་གཅིག་ཏུ་སྒྲིལ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ7པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་སློབ་གསོ་སློབ་བསྡུའི་རྒྱུགས་ལེན་ཁང་ནས་ཤེས་རྟོགས་བྱུང་གསལ། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》གཞིར་བཟུང་། ཞིང་ཆེན་སློབ་བསྡུའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་ཞིབ་འཇུག་བྱས་པ་བརྒྱུད། 2020ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་དེ་སྔའི་མཐོ་སློབ་དཀྱུས་མའི་དངོས་གཞི་སློབ་མ་བསྡུ་ཐེངས་དང་པོ་དང་གཉིས་པ་དང་། ཞིང་ཆེན་ནང་ཁུལ་གྱི་གྲ་སྒྲིག་ཚན་ཁག་གི་དངོས་གཞི་སློབ་བསྡུ་ཚང་མ་དངོས་གཞིའི་སློབ་མ་བསྡུ་སྐོར་གཅིག་ཏུ་བསྒྱུར་རྒྱུ་གཏན་འབེབས་བྱས་པ་རེད། གཅིག་མཚུངས་ཀྱི་རེ་འདུན་མཐོ་སློབ12བཙུགས་ནས། རེ་འདུན་མཐོ་སློབ་རེར་རེ་འདུན་ཆེད་ལས6བཀོད་སྒྲིག་བྱས་ཏེ། དེ་སྔའི་དངོས་གཞི་སློབ་མ་བསྡུ་སྐོར་གསུམ་པ་སོར་འཇོག་བྱས་པ་དེ། དངོས་གཞིའི་སློབ་མ་བསྡུ་སྐོར་གཉིས་པར་བསྒྱུར་བ་རེད། 

ཞིང་ཆེན་རྒྱུགས་ལེན་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མཐོ་སློབ་ཀྱི་སློབ་མ་བསྡུ་སྐོར་བཅོས་སྒྲིག་དང་ལེགས་སྒྲིག་བྱ་རྒྱུ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱས་ནས། མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོའི་རྒྱུགས་ལེན་སློབ་བསྡུའི་དངོས་ཡོད་བླང་བྱ་ཞིག་ཡིན་ལ། རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་བསམ་འཆར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱི་མཐོ་རྒྱུགས་སློབ་བསྡུ་གཅིག་མཚུངས་ཀྱི་རེ་འདུན་སློབ་བསྡུའི་རྣམ་པ་རྒྱ་ཆེར་བཏང་བ་དང་ཆབས་ཅིག རྒྱུགས་ཞུགས་སློབ་མའི་སློབ་བསྡུའི་གོ་སྐབས་སྔར་བས་མཐོ་རུ་ཕྱིན་པ་དང་།རེ་འདུན་གྱི་ཉེན་ཁ་སྔར་བས་ཆུང་དུ་ཕྱིན་པ་དེས་མཚོ་སྔོན་ཞིང་ཆེན་གྱི་སློབ་མ་བསྡུ་ཐེངས་དང་བསྡུ་སྐོར་ལེགས་སྒྲིག་དང་གཅིག་དྲིལ་གཏོང་རྒྱུར་ཆ་རྐྱེན་བཟང་པོ་བཏོད་ཡོད། རྗེས་མར་མཐོ་རྒྱུགས་གསར་པའི་ཕྱོགས་བསྡུས་བསྒྱུར་བཅོས་གནས་ཚུལ་ལ་གཞིགས་ནས་མཐོ་སློབ་ཀྱི་སློབ་མ་བསྡུ་སྐོར་ཁག་རིམ་བཞིན་མེད་པར་བཟོ་རྒྱུ་རེད།

གཅིག་དྲིལ་དུ་བཏང་བའི་སློབ་མ་བསྡུ་སྐོར་གྱིས་སློབ་བསྡུའི་ལས་ཕྱོད་ཆེ་རུ་བཏང་ནས་མཐོ་རྒྱུགས་དུས་འགྱངས་བྱས་པ་ལས་བྱུང་བའི་དུས་ཚོད་ཀྱི་ཤུགས་རྐྱེན་ཆུང་དུ་གཏོང་ཐུབ། སློབ་མ་བསྡུ་སྐོར་གཅིག་དྲིལ་དུ་བཏང་རྗེས་རྒྱ་ཆེའི་རྒྱུགས་ལེན་སློབ་མར་མཚོན་ན། རྒྱུགས་སྤྲོད་སློབ་མས་རེ་འདུན་རེའུ་མིག་འགོད་ཆོག་པའི་སློབ་གླིང་དང་དེ་བཞིན་རེ་འདུན་ཆེད་ལས་ཀྱི་གདམ་གའི་བར་སྟོང་ཆེ་རུ་ཕྱིན་ཡོད། རྒྱུགས་ལེན་སློབ་མས་རང་ངོས་ཀྱི་སྤྲོ་སྣང་དང་ཁྱད་ཆོས། ཕུགས་འདུན་དང་དགེ་མཚན་བཅས་ལ་དེ་བས་ལེགས་པོའི་སྒོ་ནས་ཟུང་འབྲེལ་བྱས་ཏེ། རྗེས་དཔག་བསམ་བློས་རང་ཉིད་ཀྱི་ཡིད་སྨོན་བྱེད་སའི་སློབ་གྲྭ་དང་ཆེད་ལས་བདམས་ཐུབ་ལ། རྒྱུགས་ལེན་སློབ་མ་སྐྱོན་བྲལ་ངང་འཚར་ལོངས་དང་ཤེས་ལྡན་པ་ཞིག་ཏུ་འགྱུར་རྒྱུར་ཕན་ཐོགས་ལྡན།

མཐོ་སློབ་ཀྱི་ངོས་ནས་བཤད་ན། མཐོ་སློབ་ཚང་མ་ལས་སྟེགས་གཅིག་གི་ཐོག་འགྲན་རྩོད་བྱེད་པ་དེས་མཐོ་སློབ་ཀྱི་སློབ་གཉེར་རང་བདག་དབང་ཆ་སྔར་བས་ཆེ་རུ་གཏོང་བ་དང་། མཐོ་རིམ་སློབ་གྲྭའི་སློབ་གཉེར་གྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་དང་། མཐོ་རིམ་སློབ་གྲྭས་རང་ངོས་ཀྱི་བཟང་ཆ་འདོན་སྤེལ་བྱེད་པར་སྐུལ་འདེད་བྱས་ཏེ། ཁྱད་ཆོས་ལྡན་པའི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་བློ་རྩེ་གཅིག་ཏུ་གཞོལ་བ་དང་། ཆེད་ལས་འཕེལ་རྒྱས་ཀྱི་བར་མཐོངས་ཆེ་རུ་གཏོང་བ། ཆུ་ཚད་དང་ཁྱད་ཆོས་ལྡན་པའི་སྒོ་ནས་མཐོ་སློབ་ཀྱི་སློབ་གཉེར་ཆུ་ཚད་དང་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། མཐོ་རིམ་སློབ་གསོའི་བརྗོད་སྙིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད།

སློབ་འབྲིང་གི་ངོས་ནས་བཤད་ན། མཐོ་རིམ་སློབ་འབྲིང་གི་སློབ་གྲྭས་མཐའ་གཅིག་ཏུ“དངོས་གཞིའི་སློབ་མ་བསྡུ་ཐེངས་དང་པོར”སྙེག་པ་འགོག་པ་དང་། མཐོ་རིམ་སློབ་འབྲིང་གི་སློབ་འཕར་གནོན་ཤུགས་ཇེ་ཆུང་དུ་གཏོང་བ་དང་། དགེ་སློབ་ཀྱི་ལུགས་དང་མི་མཐུན་པའི་སློབ་ཁྲིད་ཀྱི་ཁུར་པོ་ཡང་དུ་གཏོང་བ། མཐོ་རིམ་སློབ་འབྲིང་གི་བྱང་ཚད་སློབ་གསོ་སྔར་ལས་ལེགས་པོར་སྤེལ་བར་སྐུལ་འདེད་གཏོང་བ་དང་། སློབ་གྲྭའི་གནས་ཚུལ་ལ་རྐང་འཛུགས་པ། གནས་བབ་ཇེ་གསལ་དུ་གྱུར་ནས་སློབ་གྲྭའི་ཁྱད་ཆོས་གཏོད་པར་ཕན་ཐོགས་ཡོད།

དུས་མཚུངས་སུ་སློབ་མ་བསྡུ་སྐོར་གཅིག་དུ་སྒྲིལ་རྗེས། སྤྱི་ཚོགས་དང་རྒྱུགས་ལེན་སློབ་མས་སློབ་མ་བསྡུ་ཐེངས་ལ་བལྟས་ནས་སྟབས་བདེའི་ངང་མཐོ་སློབ་དབྱེ་འབྱེད་དང་གདེང་འཇོག་བྱེད་པའི་གནད་དོན་དག་སེལ་བྱས་ཏེ། མཐོ་སློབ་ཀྱིས་སྐར་གྲངས་ལ་གཞིགས་པའི་རིམ་དབྱེ་སློབ་མ་བསྡུ་བ་ནས་ཆེད་ལས་དགའ་ཕྱོགས་ལ་གཞིགས་ནས་རིམ་འབྱེད་སློབ་མ་བསྡུ་བའི་ཕྱོགས་སུ་བསྐྱོད་དེ། ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་ཐུབ། མཐོ་རིམ་སློབ་གྲྭས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དགོས་མཁོར་དམིགས་ཏེ་སློབ་གྲྭའི་དོན་དངོས་ལ་རྐང་བཙུགས་ནས། རང་བརྟེན་འཕེལ་རྒྱས་གཏོང་བ་དང་། ཁྱད་ཆོས་ལྡན་པའི་སློབ་གཉེར་ལ་སྐུལ་འདེད་གཏོང་ཐུབ།  །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།