ཆི་ལེན་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་ཞི་ལའི་ཆེད་དོན་རྟོག་ཞིབ་ལ་གྲུབ་འབྲས་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཆི་ལེན་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། ཅུའུ་ཏང་ཨུའི་མངགས་བཅོལ་ལྟར་པེ་ཅིན་སློབ་ཆེན་ཚན་རིག་ཚེ་སྲོག་སློབ་གླིང་གི་ཚན་རྩལ་རུ་ཁག་གིས་རྟོག་ཞིབ་ལས་ཐོག་མར་གཏན་འཁེལ་བྱས་དོན། ཆི་ལེན་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་མངའ་ཁོངས་ཀྱི་རི་སྐྱེས་ཞི་ལའི་རིགས་སྣ་ཅུང་མང་ཞིང་། དེ་ནི་ད་ལྟའི་དུས་སྐབས་སུ་རང་རྒྱལ་དུ་མཐོང་ཐེངས་མང་བའི་རི་སྐྱེས་ཞི་ལའི་ས་ཁུལ་ཡིན་པ་རེད།

ཚན་རིག་ཞིབ་འཇུག་ཚོགས་པ་དེས་དུས་ཡུན་ཉིན་30རིང་། ནང་དགོང་གི་སྐོར་ཞིབ་དང་། གཤང་གཅི་བསྡུ་ལེན། དམར་ཕྱིའི་འོད་ཀྱི་པར་ཆས་སྒྲིག་བཀོད། བཅར་འདྲི་སོགས་ཀྱི་རྣམ་པས་རི་སྐྱེས་ཞི་ལའི་ཁྱབ་ཁོངས་དང་། སྒྲིག་གཞི། སྐྱེ་ཁམས་རིག་པའི་བྱ་སྤྱོད་ཐད་ཞིབ་འཇུག་བྱས། རྟོག་ཞིབ་ཀྱི་ཁྱབ་ཁོངས་དེ་རྒྱལ་ཁབ་སྤྱི་གླིང་ནང་ཁུལ་གྱི་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་དང་། ཆི་ལེན་རྫོང་། ཐེམ་ཆེན་རྫོང་སོགས་ས་ཁོངས་ཀྱི་སྤྱི་ལེ་གྲུ་བཞི་མ་3000འདུ། 

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་རྟོག་ཞིབ་ཁྲོད་པར་ཆས་18ཀྱི་ཉིན་9ནང་རི་སྐྱེས་ཞི་ལ་ཐེངས་13ལ་འཚོལ་ཞིབ་ཚད་ལེན་བྱས་པ་དང་། ལས་སྒྲུབ་མི་སྣས་ཁྱོན་བསྡོམས་ཐེངས་7ལ་དངོས་སུ་མཐོང་ཞིང་། གཤང་གཅི་སོགས་སྣ་133དང་། རི་སྐྱེས་ཞི་ལའི་བེམ་རོ་ཐེངས་3ལ་བསྡུ་ལེན་བྱས། “དུས་ཡུན་རིང་བོར་རི་སྐྱེས་ཞི་ལའི་འགུལ་བསྐྱོད་ལྐོག་གྱུར་ཡིན་ལ་གྲངས་ཀ་ཉུང་བ་ཡིན། ཐེངས་འདིར་མཐོང་ཚད་མང་བ་དེས་ཆི་ལེན་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་མངའ་ཁོངས་ཀྱི་རི་སྐྱེས་ཞི་ལའི་ཁྱབ་རྒྱ་ཆེ་བ་ཐག་གཅོད་བྱེད་ཐུབ།”

 རྗེས་མར། ཚོགས་པ་དེས་རི་སྐྱེས་ཞི་ལའི་སྐེ་ལ་འཕྲུལ་ཆས་བཏགས་ཏེ་དེའི་འགུལ་སྐྱོད་དང་། སའི་རྒྱ་ཁྱོན། རིགས་སྣའི་གྲུབ་ཆ། སྐྱེ་འཕེལ་སོགས་ཀྱི་བྱ་སྤྱོད་རིག་པར་ཞིབ་འཇུག་བྱས་ཏེ། ཆི་ལེན་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྲུང་སྐྱོབ་དོ་དམ་ལ་ཚན་རིག་གི་གྲངས་གཞི་ཡང་དག་མཁོ་འདོན་བྱེད་པའི་ཚད་གཞིར་འཛིན་རྒྱུ་རེད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།