ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་བསྡུས་པ་དང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྲིད་གྲོས་བྱ་བའི་ཚོགས་འདུ་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པར་མ་ཟད།《ཀྲུང་གུང་ཀྲུང་དབྱང་གི་དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་བསམ་འཆར》དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི《ལག་བསྟར་བསམ་འཆར》ཞེས་པ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། འགོ་འཛུགས་ས་གསར་པའི་ཐོག་ནས་དུས་རབས་གསར་པའི་མཚོ་སྔོན་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་གི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་གཏམ་བཤད།

ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་ལོ་རྒྱུས་ཀྱི་མཐོ་ཚད་ནས་སྲིད་གྲོས་ཀྱི་ལས་དོན་ལ་བླང་བྱ་གལ་ཆེན་བཏོན་ཡོད་ཅིང་། དེས་དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་ཐབས་ཤེས་དང་ཐབས་ལམ་ཁ་གསལ་བཟོས་པ་དང་། མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་རིང་གི་གཙོ་གནད་ལས་དོན་ནན་བཤད་གནང་བ་དེ་ནི། མི་དམངས་སྲིད་གྲོས་དུས་རབས་གསར་པར་བསྐྱོད་པ་དང་བྱས་རྗེས་གསར་པ་འཇོག་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་ནས། བློ་གཅིག་སེམས་གཅིག་དང་ཇུས་ཤུགས་མཉམ་འདོན། དུས་བསྟུན་མདུན་སྐྱོད། མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ། “བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་་འབེན་མངོན་འགྱུར་དང་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཏེ་བསྟན་དོན། ད་ལོ་ནི་ཞིང་ཆེན་སྲིད་གྲོས་ཀྱི་ལོ་རེ་ལྔའི་འཁྲུངས་སྐར་རེད། ལོ་ངོ་རེ་ལྔའི་རིང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་ཞིང་ཆེན་སྲིད་གྲོས་ཀྱིས་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཟེར། ཝང་ཅན་ཅུན་གྱིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་དོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པར་མ་ཟད། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ། དེ་མིན་ད་དུང་མཚོ་སྔོན་སྲིད་གྲོས་ཀྱི་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་མི་རིགས་ཁག་དང་ལས་རིགས་ཁག་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲིའང་ཞུས།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་སྲིད་གྲོས་ལས་དོན་ཡག་པོ་སྒྲུབ་དགོས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་སྟེང་བསྐྱོད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་སྲིད་གྲོས་ལས་ཀར་གཅིག་འདོམས་བྱེད་པའི་སྤྱིའི་རྩ་འཛིན་དུ་བརྩི་དགོས། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་མི་དམངས་ལ་སློབ་གསོ་གཏོང་བ། ལག་ལེན་ལ་སྣེ་ཁྲིད་བྱེད་པ། ངོས་འཛིན་གཅིག་གྱུར་བྱེད་པ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་མཁན་དང་ལག་ལེན་རྣམ་དག་བྱེད་མཁན། འཛུགས་སྐྲུན་ཧུར་ཐག་བྱེད་མཁན། སྐུལ་འདེད་ནུས་ལྡན་གཏོང་མཁན་བཅས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་དགོས། སྲིད་གྲོས་ཀྱི་མདུན་གྱི“མི་དམངས”ཞེས་པའི་ཡིག་འབྲུ་དེ་གཉིས་དུས་དང་རྣམ་པ་ཀུན་ཏུ་མི་བརྗེད་པ་དང་། ཏང་ཨུ་དང་སྲིད་གཞུང་ལ་རམ་འདེགས་བྱས་ནས་དམངས་ཀྱི་འདོད་བློ་དང་མཐུན་པ་དང་དམངས་ཀྱི་འདོད་བློ་སྐོང་བ། དམངས་ཀྱི་འཚོ་བར་ཕན་པ་བཅས་ཀྱི་དོན་བཟང་མང་ཙམ་བསྒྲུབ་དགོས། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སེམས་དང་སྐྱིད་སྣང། བདེ་ཚོར་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ལྟ་བ་གསལ་སྟོན་གྱིས་ཆབ་སྲིད་ལ་དང་དོད་བྱས་ཏེ། “འདུ་ཤེས་བཞི”འཛིན་ཤུགས་ཆེ་རུ་གཏོང་བ་དང“ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་བྱེད་དགོས་པ་གཉིས”བཟང་བོར་སྒྲུབ་ཐུབ་པ་བཅས་བྱས་ནས། བསམ་བློ་དང་ཆབ་སྲིད་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆབ་སྲིད་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཆབ་སྲིད་ཀྱི་ཕུགས་བསམ་ཇེ་བརྟན་དུ་བཏང་ནས། དུས་དང་རྣམ་པ་ཀུན་ཏུ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས། གྲོས་མོལ་ལ་རྐང་བཙུགས་ནས་ལག་ལེན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། གྲོས་མོལ་དམངས་གཙོ་ཞེས་པའི་ཐབས་མཆོག་འདི་བེད་སྤྱོད་ཡག་པོ་བྱེད་པ། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་ཡག་པོ་བཅས་བྱེད་དགོས། གྲོས་མོལ་དམངས་གཙོ་རྒྱ་ཁྱབ་དང་རིམ་པ་མང་བ། ལམ་ལུགས་ཅན་བཅས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། གྲོས་མོལ་དམངས་གཙོའི་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པར་བྱེད་དགོས། ལྟེ་བར་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་ཐབས་ཇུས་བཟང་པོ་འདོན་དགོས། ཆབ་སྲིད་གྲོས་མོལ་ཐད་དོན་ཆེན་ལ་དམིགས་པ་དང་དམངས་གཙོའི་ལྟ་སྐུལ་ཐད་དཀའ་གནད་ལ་དམིགས་པ། སྲིད་ཞུགས་གྲོས་མོལ་ཐད་དོན་དངོས་ལ་དོ་ཁུར་བཅས་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་དམིགས་བསལ་ལེགས་ཆ་དེ་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སྟོབས་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས། ཏང་འཛུགས་སྐྲུན་གྱིས་གཅིག་གྱུར་བཀོད་སྒྲིག་དང་སྐུལ་འདེད་གཏོང་བར་བརྟེན་ནས་བྱང་ཚད་མཐོ་བའི་སྲིད་གྲོས་ཀྱི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། ཏང་འཛུགས་བྱ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། སྲིད་གྲོས་ལས་དོན་ཁྲོད་ཀྱི་ཀྲུང་གུང་ཨུ་ཡོན་གྱི་གཙོ་ཁྲིད་ནུས་པ་དང་རང་འཁྲིའི་ལས་དོན་ཁྲོད་ཀྱི་སྣེ་ཁྲིད་ནུས་པ། ལས་རིགས་སོ་སོའི་མང་ཚོགས་ཁྲོད་ཀྱི་སྣེ་ཁྲིད་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱེད་དགོས། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ལས་འགན་གསར་པ་དང་ལས་འགན་གསར་པ་ཕྲག་ཏུ་སྔར་ལས་ལེགས་པར་འཁུར་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་ཡིས་སྲིད་གྲོས་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུར་མཐོང་ཆེན་བྱེད་དགོས། སྲིད་གྲོས་ཀྱི་ལས་དོན་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས། སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་དང་ཨུ་ཡོན་གྱི་དཔུང་སྡེ། ལས་ཁུངས་ཀྱི་ལས་བྱེད་པ་བཅས་ཀྱི་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་ཨུའི་འགན་འཁུར་པ་གཙོ་བོས་ཕྱོགས་གང་ཅིའི་ཐད་ནས་སྲིད་གྲོས་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་དེར་ཞུགས་པར་སྐུལ་ཁྲིད་བྱེད་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་སྲིད་གྲོས་རྩ་འཛུགས་ཀྱིས་ལས་དོན་སྤེལ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ། སྲིད་གྲོས་ལས་དོན་ལ་ཤུགས་སྣོན་པ་དང་ཇེ་ལེགས་སུ་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་ཟེར།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་། ཏང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས། ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཐོག་བཤད་པའི་གཏམ་བཤད་ཀྱི་ནང་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས། བསམ་བློའི་ངོས་འཛིན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བ་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ། མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་འགན་སྒྲུབ་ལག་ལེན་ཁག་ནང་ཧུར་ཐག་གིས་ཞུགས་ནས། གྲོས་མོལ་གྱི་ལས་རིགས་གཙོ་བོ་འབུར་དུ་ཐོན་པར་བྱེད་པ་དང་ཆེད་དམིགས་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། གྲོས་མོལ་གྱི་སྟེགས་བུ་ཡག་པོ་འཛུགས་པ་དང་གྲོས་མོལ་གྱི་ལམ་སྲོལ་ཡག་པོ་འཛུགས་དགོས། གྲོས་མོལ་གྱི་སྤུས་ཚད་དོན་གཉེར་བྱས་ཏེ་ཇུས་འདོན་སྲིད་སྐྱོང་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་གྱི་ཕན་འབྲས་ཧུར་ཐག་གིས་ཆེ་རུ་གཏོང་དགོས། ལྟེ་བའི་ལྷུ་ཚིགས་འབུར་ཐོན་ཡོང་བར་བྱེད་པ་དང་། བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ནུས་པ་འདོན་སྤེལ་བཅས་བྱེད་དགོས། ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱེད་པའི་གཞི་རྟེན་ནུས་ལྡན་འཚོལ་ཞིབ་བྱས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་ཆེད་དྲང་ཕྱོགས་ཀྱི་ནུས་པ་ཆེན་པོ་གཅིག་སྡུད་བྱེད་དགོས། ཨུ་ཡོན་གྱི་རང་བདག་ནུས་པ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ། འགན་འཁྲི་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཨུ་ཡོན་ལ་ཞབས་ཞུ་དང་དོ་དམ་བྱ་རྒྱུར་ཤུགས་བསྣན་ནས། ཨུ་ཡོན་གྱི་འགན་འཁྲི་འཁུར་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གཞི་རྩ་སྲ་བརྟན་དུ་གཏོང་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས། སྲིད་གྲོས་ཀྱི་ལས་ཀའི་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། གྲོས་མོལ་བྱེད་ནུས་ཆེ་རུ་གཏོང་བ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། “ཞན་ཆ་གཉིས”ཀྱི་གནད་དོན་ཐག་གཅོད་བྱས་ནས། སྲིད་གྲོས་ལས་ཀའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཆབ་སྲིད་ཀྱི་བླང་བྱ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་སྲིད་གྲོས་ཏང་ཙུའུ་ཡི་ཆབ་སྲིད་ཀྱི་འགན་འཁྲི་ཆེ་རུ་གཏོང་དགོས། སྲིད་གྲོས་ཀྱི་ཏང་འཛུགས་སྐྲུན་བྱ་བ་དམ་འཛིན་ཏན་ཏིག་བྱེད་པ་དང་སྤྱོད་ཚུལ་འཛུགས་སྐྲུན་ལ་མུ་མཐུད་ཤུགས་བསྣན་ནས། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་ཆེད་སྔར་ལས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།