དབྱང་ཀྲི་ཝུན་གྱིས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་བསྡུ་བའི་རྒྱུགས་ལེན་ལ་སྐོར་ཞིབ་བྱེད་སྐབས་ཚན་རིག་དང་མཐུན་པའི་རྩ་འཛུགས་དང་སྒྲིག་ལམ་ཇེ་ནན་དུ་བཏང་ནས་དྲང་གཞག་དྲང་བདེན་གྱིས་དགེ་རྒན་བསྡུ་བའི་ལས་དོན་ཡག་པོར་སྒྲུབ་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི2020ལོའི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་བསྡུ་བའི་གཅིག་གྱུར་ཡིག་རྒྱུགས་བཏང་བ་དང་། ཐེངས་འདིའི་ཡིག་རྒྱུགས་ནང་དགེ་རྒན་གྱི་ལས་གནས1665ལ་མི20435ཡིས་མིང་ཐོ་བཀོད་ཡོད། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་ཟི་ལིང་གྲོང་ཁྱེར་དུ་སྐོར་ཞིབ་བྱེད་སྐབས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་འོག་གི་ཡིག་རྒྱུགས་རྩ་འཛུགས་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས་དྲང་གཞག་དྲང་བདེན་གྱིས་ཕུལ་བྱུང་ཤེས་ལྡན་པ་གདམ་གསེས་བྱས་ཏེ་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དཔུང་ཁག་འཐུས་ཚང་དུ་གཏོང་དགོས་ཞེས་ནན་གྱིས་བསྟན། 

ཞིང་ཆེན་ཡིག་རྒྱུགས་ལས་དོན་བཀོད་འདོམས་ལས་སྟེགས་ཀྱི་ཡུལ་དངོས་སུ་དབྱང་ཀྲི་ཝུན་གྱིས་བརྙན་ལམ་ནས་གྲོང་ཁྱེར་དང་ཁུལ་སོ་སོའི་ཡིག་རྒྱུགས་རྩ་འཛུགས་ཀྱི་གནས་ཚུལ་རེ་རེ་བཞིན་དྲིས་པ་དང་།གཙོ་གནད་དོན་ཚན་མངགས་བདམས་བྱས་ཤིང་ལས་ཀའི་བླང་བྱ་བཏོན། ཟི་ལིང་གྲོང་ཁྱེར་གྱི་སློབ་འབྲིང་བཅུ་གཉིས་པ་དང་བཅུ་གསུམ་པའི་རྒྱུགས་སྤྲོད་ས་ཚིགས་སུ་དབྱང་ཀྲི་ཝུན་གྱིས་ཡུལ་དངོས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་གསང་སྲུང་། འཕྲལ་སྡོམ་ཐག་གཅོད། སྐུད་མེད་གློག་འཕྲིན་ལྟ་ཞིབ་ཚད་ལེན་སོགས་ཐད་ཀྱི་ལས་དོན་ལ་ཞིབ་བཤེར་བྱས་པ་དང་། བརྙན་ལམ་ལྟ་སྐུལ་ཚོད་འཛིན་བརྒྱུད་རྒྱུགས་ར་ཁག་གི་གནས་ཚུལ་ལ་ཞིབ་བཤེར་བྱས། 

དབྱང་ཀྲི་ཝུན་གྱིས་ནན་གྱིས་བསྟན་དོན། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་བསྡུ་བ་ནི་སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་དང་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་གི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཡིན་ལ། “བརྟན་བརླིང་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཀྱང་ཡིན། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཡིག་རྒྱུགས་རྩ་འཛུགས་ཀྱི་ལས་དོན་ལ་ནོར་འཁྲུལ་མི་འབྱུང་བའི་འགན་ལེན་བྱེད་དགོས་པ་དང་། ཚན་རིག་དང་མཐུན་པའི་རྩ་འཛུགས་དང་སྒྲིག་ལམ་ཇེ་དམ་དུ་བཏང་ཞིང་། སྒྲིག་སྲོལ་བརྩི་སྲུང་དང་སྐྱོན་ཆ་ནན་འགོག་བྱས་ནས་ཡིག་རྒྱུགས་ལས་དོན་གྱི་གཟབ་ནན་རང་བཞིན་དང་ཚད་ལྡན་རང་བཞིན་སྲུང་སྐྱོང་ཏན་ཏིག་བྱེད་དགོས། སྔོན་འགོག་ཚོད་འཛིན་ཞིབ་ཚགས་དང་མཐའ་ཚད་བརྟན་པོ་བཟོས་ནས་རྒྱུགས་སྤྲོད་ས་ཚིགས་ཀྱི་རིམས་འགོག་དུག་སེལ་དང་། སྨན་བཅོས་དངོས་ཟོག་གསོག་འཇོག ཉེ་འཁོར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཅས་ཀྱིས་ཡིག་རྒྱུགས་ཀྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། དྲང་གཞག་དྲང་བདེན་དང་ལེགས་འདེམས་བསྡུ་ལེན་བྱས་ཏེ་སློབ་མར་འགན་འཁུར་བ་དང་ཁྱིམ་བདག་ལ་འགན་འཁུར་བ། རྩ་འཛུགས་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་བྱང་ཚད་མཐོ་བ་དང་ལས་སྒོ་བྱང་ཆུབ་པའི་ཕུལ་བྱུང་ཤེས་ལྡན་པ་དགེ་རྒན་དཔུང་ཁག་ནང་བདམས་ཏེ་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་ཆུ་ཚད་མཐོ་རུ་གཏོང་ཆེད་རྨང་གཞི་འདིང་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།