ཨུ་རུ་སི་དང་ཧྥ་རན་སིའི་མགོ་ཁྲིད་པས་བརྙན་རིས་གྲོས་མོལ་བྱས་ཏེ་ཕྱོགས་གཉིས་དང་རྒྱལ་སྤྱིའི་གནད་དོན་ལ་གྲོས་བསྡུར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཁི་ལི་མུའུ་ལིན་ཕོ་བྲང་ནས་ཚེས་ཉེར་དྲུག་ཉིན་སྤེལ་བའི་སྤྱི་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གཉིས་ཀྱིས་ཉིན་དེར་བརྙན་རིས་གྲོས་མོལ་སྤེལ་ཏེ། ཕྱོགས་གཉིས་དང་རྒྱལ་སྤྱིའི་གནད་དོན་ལ་རྒྱ་ཆེར་གྲོས་བསྡུར་བྱས་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཕུའུ་ཅིན་དང་མཱ་ཁི་ལུང་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། འཛམ་གླིང་གི་གནད་དོན་གལ་ཆེན་ཐག་གཅོད་བྱེད་པ་དང་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་དང་ནམ་ཟླའི་འགྱུར་ལྡོག ས་ཁུལ་མང་བོའི་འཁྲུག་རྩོད་གནས་བབ་ཇེ་སྡུག་ཏུ་སོང་བ་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་པའི་ཐད་ནས་ཨུ་རུ་སི་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་རོགས་ལས་བྱེད་དགོས་པ་དང་། མཉམ་དུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པ་ནི་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་རེད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པའི་ཆ་ནས། རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གཞིར་བཟུང་ནས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ནས་དམིགས་བསལ་གྱི་འགན་འཁྲི་ཁུར་ཡོད་པར་འདོད། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་གཅིག་གྱུར་སྒོས་བལྟས་ན། ཨུ་རུ་སི་ཡིས་བཏོན་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་རྒྱལ་ཁབ་ལྔའི་མཐོ་རིམ་གྲོས་ཚོགས་བསྡུ་བའི་གྲོས་གཞིར་དོན་སྙིང་གལ་ཆེན་ལྡན་པར་འདོད། 

ཕུའུ་ཅིན་དང་མཱ་ཁི་ལུང་གཉིས་ཀྱིས་ད་རུང་འཐབ་ཇུས་གཏན་འཇགས་སོགས་གྲོས་གཞིར་གྲོས་བསྡུར་བྱས་ཤིང་། ཕན་ནུས་ལྡན་པའི་མཚོན་ཆའི་ལྟ་རྟོག་རྐྱེན་སྲོལ་སྲུང་འཛིན་དང་དམག་དོན་ཁྱབ་ཁོངས་ཀྱི་ཚོད་དཔག་ཐུབ་པའི་ནུས་པ་མཐོར་འདེགས་བྱེད་པ་དང་ཡིད་ཆེས་ལ་ཤུགས་སྣོན་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། དེ་ལས་གཞན་ཕྱོགས་གཉིས་ཀྱིས་ད་རུང་ཝུའུ་ཁི་ལན་དང་ལི་པུ་ཡཱ། སི་རི་ཡཱ། དེ་མིན་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར། 

གཞན་ཡང་ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གི་གསར་འགྱུར་སྤྱི་སྒྲོག་ལྟར་ན། ལི་པུ་ཡཱའི་གནད་དོན་ཐད་ནས་མཱ་ཁི་ལུང་གིས་བསྟན་དོན། ངེས་པར་དུ་ཕྱི་རྒྱལ་སྟོབས་ཤུགས་ཀྱི་ཉེན་ཁའི་ཐེ་གཏོགས་ལ་བཀག་འགོག་བྱེད་པ་དང་། འཁྲུག་རྩོད་མཚམས་འཇོག་པའི་ཐད་ཀྱི་བྱ་བ་སྲ་བརྟན་དུ་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱབ་སྐྱོར་འོག་ཆབ་སྲིད་གྲོས་མོལ་སླར་གསོ་བྱེད་པ་བཅས་འདུས། ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་མཱ་ཁི་ལུང་གིས་གང་མགྱོགས་སྒོས་ན་ནིང་ཟླ་བཅུ་གཉིས་པའི་ནོའུ་མན་ཏིས་རྣམ་པའི་ཕཱ་རེ་སིའི་མཐོ་རིམ་གྲོས་ཚོགས་ནས་བཏོན་པའི་འབྲེལ་ཡོད་གྲོས་ཆོད་དངོས་འབེབ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་ནས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་མུ་མཐུད་དུ་མཉམ་ལས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ཤིང་། བདེ་ཐང་དང་ཁོར་ཡུག་སྲུང་སྐྱོབ། སྐྱེ་དངོས་སྣ་མང་ཅན། རིག་གནས་ཁྱབ་ཁོངས་བཅས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་དམངས་ཁྲོད་འགྲོ་འོང་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།