དབྱང་ཀྲི་ཝུན་གྱིས་མཚོ་ཤར་གྲོང་ཁྱེར་དུ་མཐོ་རྒྱུགས་དང་འབྲིང་རྒྱུགས་བྱ་བར་གྲ་སྒྲིག་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་མཚོ་ཤར་གྲོང་ཁྱེར་དུ་མཐོ་རྒྱུགས་དང་འབྲིང་རྒྱུགས་བྱ་བར་གྲ་སྒྲིག་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་བསྟན་དོན། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་རྒྱུགས་ལེན་བདེ་འཇགས་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། ཚད་གཞི་མཐོ་ཞིང་རེ་བ་ནན་མོ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་རིམས་འགོག་དང་རྒྱུགས་ལེན་རྩ་འཛུགས་བྱ་བར་གཅིག་གྱུར་སྒོས་འཆར་འགོད་དང་དམ་འཛིན་བྱེད་དགོས་ལ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཞབས་ཞུའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་ནས། མཐོ་རྒྱུགས་དང་འབྲིང་རྒྱུགས་བྱ་བ་བདེ་འཇགས་དང་གོ་རིམ་ལྡན་པར་སྤེལ་རྒྱུར་འགན་སྲུང་བྱེད་དགོས་ཟེར།

དབྱང་ཀྲི་ཝུན་གྱིས་བསྟན་དོན། བརྟན་འཇགས་དང་གོ་རིམ་ལྡན་པར་ད་ལོའི་མཐོ་རྒྱུགས་དང་འབྲིང་རྒྱུགས་ཀྱི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པའི་དུས་ཡུན་ཐུང་བ་དང་ལས་འགན་ལྕི་ལ། འགན་འཁྲི་ཧ་ཅང་ལྗིད་པས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་འགན་འཁྲིའི་ཁག་ཁུར་ནུས་པ་ཇེ་ཆེར་གཏོང་བ། ལག་རྩལ་དོགས་ཟོན་ལ་ཤུགས་སྣོན་པ། རྒྱུགས་ལེན་སྒྲིག་ལམ་ལ་གཟབ་ནན་བྱེད་པར་མ་ཟད། རིམས་ནད་འགོག་སྲུང་བྱེད་ཐབས་དང་བདེ་འཇགས་དང་གསང་བསྲུང་ལམ་ལུགས་ནན་ཏན་སྒོས་དངོས་འབེབས་བྱས་ཏེ། རིགས་སོ་སོའི་གཡོ་སྒྱུའི་བྱ་ངན་ལ་རྡུང་རྡེག་ནན་མོ་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་གཟབ་ནན་དང་དྲང་གཞག བདེ་འཇགས་བཅས་ཀྱི་རྒྱུགས་ལེན་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།