མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རི་སྐྱེས་རི་དྭགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་གཅིག་དང་གཏན་ཁེལ་གཉིས་ཀྱི་ལག་བསྟར་གནས་ཚུལ་ཐད་ཀྱི་ཁྲིམས་འཛིན་ཞིབ་བཤེར་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི་ཡིས་ཚན་ཆུང་ཁྲིད་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་རྨ་ནུབ་གྲོང་རྡལ་རྨ་བྱ་འདུལ་གསོ་རྟེན་གཞི་དང་ཤྭ་བ་ཁྲ་རིས་འདུལ་གསོ་རྟེན་གཞི། རྨ་ཤར་ཞང་རི་བྱ་འཚོ་གནས་ས་ཆ་བཅས་ལ་སོང་ནས་རི་སྐྱེས་རི་དྭགས་སྲུང་སྐྱོབ་བཅའ་ཁྲིམས་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འགལ་རི་སྐྱེས་རི་དྭགས་ཀྱི་ཉོ་ཚོང་ཁྱོན་ཡོངས་ནས་བཀག་འགོག་བྱེད་པ་དང་། རི་སྐྱེས་རི་དྭགས་ཀྱི་ཤྭ་ཟ་བའི་སྲོལ་ངན་འདོར་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་བདེ་འཇགས་ལ་འགན་སྲུང་བྱེད་པའི་སྐོར་གྱི་གཏན་ཁེལ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འགལ་འཛིན་བཟུང་དང་ཉོ་འཚོང་། ཟ་བར་བཀག་འགོག་བྱེད་པའི་སྐོར་གྱི་གཏན་ཁེལ་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས།

ལིའུ་ཐུང་ཏི་ཡིས་བསྟན་དོན། བཅའ་ཁྲིམས་གཅིག་དང་གཏན་ཁེལ་གཉིས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན། ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་ལ། སྤྱི་ཐུན་འཕྲོད་བསྟེན་ཁྲིམས་སྐྱོང་འགན་སྲུང་ཇེ་དྲག་ཏུ་གཏོང་བ། བཅའ་ཁྲིམས་གཅིག་དང་གཏན་ཁེལ་གཉིས་ཀྱི་ལག་བསྟར་གནས་ཚུལ་ལ་གདེང་འཇོག་བྱས་ནས། བཅའ་ཁྲིམས་བཟོ་བཅོས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བའི་བྱེ་བྲག་འགུལ་སྐྱོད་ཡིན་ཟེར།

ལིའུ་ཐུང་ཏི་ཡིས་ནན་གྱིས་བསྟན་དོན། གཅིག་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་བྱེད་པ་དང་། མི་དམངས་དང་ཚེ་སྲོག་གཙོར་འཛིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་བདེ་འཇགས་ལ་འགན་སྲུང་བྱེད་དགོས། གཉིས་ནས་བཅའ་ཁྲིམས་གཅིག་དང་གཏན་ཁེལ་གཉིས་དྲིལ་སྒྲོག་བྱས་ཏེ། མི་ཚང་མའི་རྒྱུས་ལོན་བྱེད་པ་དང་མི་སེམས་ལ་སིམ་པར་བྱེད་པ་དང་། རིམ་པ་སོ་སོའི་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་འགོ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་མིག་དཔེ་བྱེད་དགོས། གསུམ་ནས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཚེ་སྲོག་གི་ལས་སྐལ་མཐུན་པའི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་བཏང་སྟེ། རང་བྱུང་དང་མཐུན་པར་བྱེད་པ་དང་རང་བྱུང་ལ་གཅེས་སྤྲས་བྱེད་པ། རང་བྱུང་ལ་བརྩི་མཐོང་བྱེད་པའི་འདུ་ཤེས་གྲུབ་པར་བྱེད་དགོས། བཞི་ནས་རི་སྐྱེས་རི་དྭགས་སྲུང་སྐྱོབ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྡེ་ཁག་བར་གྱི་མཉམ་འབྲེལ་ཇེ་དྲག་ཏུ་གཏོང་བ། མཉམ་ཤུགས་གྲུབ་པར་བྱས་ནས། ཁྲིམས་ལྟར་རི་སྐྱེས་རི་དྭགས་ལ་སྲུང་སྐྱོབ་བྱེད་པ་དང་། སྤྱི་ཐུན་འཕྲོད་བསྟེན་ཉེན་ཁ་ཚོད་འགོག་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཐད་བྱས་རྗེས་འཇོག་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།