མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་དངོས་སུ་སྤྱོད་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས15ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་ལེན་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་སོགས་ཞིང་ཆེན་ཡོངས་ཀྱི་ས་གནས་གཏན་འཁེལ་གྱི་སྨན་བཅོས་ལས་ཁུངས10དང་སྨན་རྫས་ཚོང་ཁང་1000ནས་ཟླ6པའི་ཚེས9ཉིན་ནས་བཟུང་ཚོད་ལྟའི་ངང་སྤྱོད་འགོ་བརྩམས་པ་དང་། རྒྱལ་ཡོངས་སུ་ཐོག་མར་“བཤེར་རིས་འགྲེམས་ཐེངས་གཅིག་དང་མཉམ་བསྲེས་ཀྱིས་གཏོང་སྤྲོད་ཐུབ་པ”མངོན་འགྱུར་བྱུང་།

ཞིང་ཆེན་ཡོངས་སུ་འགན་བཅོལ་ནང་ཞུགས་མཁན་གྱིས“མཚོ་སྔོན་གྱི་སྨན་བཅོས་འགན་བཅོལApp”ནུས་སློང་བྱས་པ་བརྒྱུད་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་བེད་སྤྱོད་བྱེད་ཐུབ་ལ། ཚོད་ལྟའི་སྨན་བཅོས་ལས་ཁུངས་དང་སིལ་ཚོང་སྨན་རྫས་ཚོང་ཁང་གི་ཨང་བཤེར་རྩིས་སྤྲོད་བྱེད་སྐབས། སྨན་བཅོས་འགན་བཅོལ་དཔང་འཛིན་གྱི་རྩ་གཉིས་ཨང་བཀོལ་ཚེ་མི་སྒེར་གྱི་སྨན་བཅོས་འགན་བཅོལ་རྩིས་ཐོའི་དང་མི་སྒེར་གྱི་དངུལ་བྱང་གཉིས་སྦྲེལ་ནས་རྩིས་སྤྲོད་བྱེད་པ་སོགས་ལས་སླ་པོའི་ངང་སྨན་རིན་རྩིས་སྤྲོད་ལེགས་གྲུབ་བྱུང་བ་དང་ཨང་རྟགས་གཅིག་གིས་ཀུན་སྒྲུབ་དང་བྱང་བུ་མེད་པར་སྨན་བཅོས་བྱེད་ཐུབ་པ་མངོན་འགྱུར་བྱུང་། མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་མང་ཚོགས་ཀྱི་དགོས་མཁོ་དང་བསྟུན་ཅི་ཐུབ་བྱས་ནས་བོད་ཡིག་པར་གཞིའི་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་དུས་གཅིག་ཏུ་བཏོན་ནས་བོད་རིགས་མང་ཚོགས་ཀྱིས“བཤེར་རིས་ཁྱེར་ནས་སྨན་བཅོས”བྱེད་རྒྱུར་སྟབས་བདེ་བསྐྲུན།

རྒྱུས་ལོན་པ་ལྟར་ན།  མཚོ་སྔོན་གྱི་སྨན་བཅོས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཆབས་ཅིག  སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་དེ་མི་སྒེར་གྱི་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་སྤྲོད་པ་དང་། སྨན་བཅོས་འགན་བཅོལ་གྱི་འབྲེལ་བ་སྤོ་སྒྱུར་འབྲེལ་མཐུད་བྱེད་པ། ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་ནས་ཐད་ཀར་སྨན་རིན་རྩིས་རྒྱག་བྱེད་པ་སོགས་སྨན་བཅོས་འགན་བཅོལ་ཞབས་ཞུར་རྒྱ་ཁྱབ་ངང་སྤྱད་དེ་ཞིང་ཆེན་ཡོངས་ཀྱི་འགན་བཅོལ་ནང་ཞུགས་མཁན་གྱི་ཐོབ་ཚོར་དང་། སྐྱིད་སེམས། བདེ་སྣང་བཅས་ཆེ་རུ་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།