《ལོ་ངོ་སྟོང་གི་ལོ་རྒྱུས་སྙན་ངག་སྟེ་གླིང་སྒྲུང》ཞེས་པའི་ཆེད་སྒྲིག་བརྙན་འཕྲིན་པར་སྐྲུན་འགྲེམས་སྤེལ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་ཀྲུང་གོའི་དམངས་ཁྲོད་རྩོམ་རིག་སྡེ་ཁག་ཆེན་མོའི་པར་སྐྲུན་ལས་གཞིའིི་འགོ་ཁྲིད་ཚན་ཆུང་དང་། ཀྲུང་གོའི་དམངས་ཁྲོད་རིག་རྩལ་སྒྱུ་རྩལ་མཐུན་ཚོགས། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་ཆེད་དོན་བརྙན་འཕྲིན་《ལོ་ངོ་སྟོང་གི་ལོ་རྒྱུས་སྙན་ངག་སྟེ་གླིང་སྒྲུང》ཞེས་པ་ཀྲུང་གོ་གྲངས་འཛིན་རིག་གནས་སྡེ་ཚོགས་ཚད་ཡོད་ཀུང་སིས་པར་སྐྲུན་འགྲེམས་སྤེལ་བྱས་པ་རེད། མཚོ་སྔོན་ཞིང་ཆེན་ནི《གླིང་སྒྲུང》ལོ་རྒྱུས་སྙན་ངག་གི་འབྱུང་ཁུངས་གཙོ་བོའི་གྲས་ཤིག་ཡིན་པས་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། དུས་རབས20པའི་ལོ་རབས50པ་ནས་བཟུང་། རྒྱལ་ཡོངས་སུ་ཐོག་མར《གླིང་སྒྲུང་》ལོ་རྒྱུས་སྙན་ངག་ཡོངས་ཁྱབ་ཏུ་ཞིབ་བཤེར་དང་། འཚོལ་སྡུད། མྱུར་སྐྱོབ་བཅས་ཀྱི་བྱ་བ་བསྒྲུབས་པ་དང་། 《གླིང་སྒྲུང་》ལོ་རྒྱུས་སྙན་ངག་ལེགས་སྒྲིག་དང་། དཔེ་སྐྲུན། ཡིག་སྒྱུར། རིག་གཞུང་ཞིབ་འཇུག་བཅས་ལ་གཞོལ་ཅི་ཐུབ་བྱས་ནས། 《གླིང་སྒྲུང》གི་རིག་གནས་ཐོན་ཁུངས་སྔོག་འདོན་བྱས་ཏེ《གླིང་སྒྲུང་》གི་རིག་གནས་ཀྱི་སྤུས་རྟགས་བཏོད་དེ་རྒྱལ་ནང་གི《གླིང་སྒྲུང་》གི་རྒྱུན་འཛིན་སྲུང་སྐྱོང་བྱ་བ་སྒྲུབ་སྔ་ཤོས་དང་གྲུབ་འབྲས་མང་ཤོས་ཀྱི་ཞིང་ཆེན་ཞིག་ཏུ་གྱུར་ཡོད།

 མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་གེ་སར་རིག་གནས་ཀྱི་འབྱུང་ཁུངས་གཙོ་བོ་ཡིན་པས། “ཀྲུང་གོའི་གེ་སར་རིག་གནས་ཀྱི་ཕ་ས”ཞེས་བརྗོད་ཀྱིན་ཡོད་པ་དང་། དེ་ནི་ཀྲུང་གོའི་གེ་སར་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ཚབ་མཚོན་གྱི་ཁྱད་ཆོས་ལྡན་པ། རིག་གནས་ཀྱི་ཁྱད་ཆོས་ཆ་ཚང་བ། ངག་ཐོག་རྒྱུན་འཛིན་བྱེད་མཁན་མང་བ། ཤུགས་རྐྱེན་ཐེབས་པའི་རྒྱ་ཆེ་བ་བཅས་ཀྱི་ས་ཁུལ་གྱི་གྲས་ཡིན། 《ལོ་ངོ་སྟོང་གི་ལོ་རྒྱུས་སྙན་ངག་སྟེ་གླིང་སྒྲུང》ནི་ཀྲུང་གོའི་དམངས་ཁྲོད་རྩོམ་རིག་སྡེ་ཁག་ཆེན་པོའི་པར་སྐྲུན་ལས་གཞི་དང་། 2018ལོའི་ཀྲུང་གོའི་མཚོ་སྔོན་གྱི《གླིང་སྒྲུང》གི་ལོ་རྒྱུས་སྙན་ངག་ཞིབ་འཇུག་གི་རིམ་སྤེལ་བྱེད་སྒོའི་ཆེད་སྒྲིག་པར་གཞི་ཞིག་རེད། ཆེད་སྒྲིག་པར་གཞི་དེ་སྟོད་སྨད་ཆ་གཉིས་ལས་གྲུབ་པ་དང་སྟོད་ཆའི་ནང་དུ་བྱེད་སྒོའི་འགོ་རྩོམ་མཛད་སྒོ་དང་དེ་བཞིན《ཀྲུང་གོའི་དམངས་ཁྲོད་རྩོམ་རིག་གི་སྡེ་ཁག་ཆེན་མོའི》པར་སྐྲུན་ལས་གཞིའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ཡོད་པ་དང་། སྨད་ཆའི་ནང་དུ་《གླིང་སྒྲུང》གི་དམངས་ཁྲོད་སྒྱུ་རྩལ་པའི་སྒྲུང་བཤད་འཁྲབ་སྟོན་ཡོད་ཅིང་། དེ་དག་སོ་སོ་ནི་ཟླ་བ་གྲགས་པ་དང་། བློ་བཟང་ཚེ་རིང་། ཚེ་སྒྲུབ།  བསྟན་འཛིན་གྲགས་པ། ཐུབ་བསྟན་དར་རྒྱས། དབང་ཕྱུག་ཚེ་རིང་སོགས《གླིང་སྒྲུང》གི་སྒྱུ་རྩལ་པས་འཁྲབ་སྟོན་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།