མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་དམ་ཞིང་ཟབ། དབུལ་ཐར་ཕྱུག་འགྱུར་གྱི་ལམ་བུ་ཡངས་ཤིང་བདེ།

WechatIMG344_Fotor.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 【གསར་འགོད་པ། བདེ་ལེགས་འཚོ། གསང་བདག་རྒྱལ།】 ཟླ6ཚེས15ཉིན་གྱི་ཕྱི་དྲོར། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། མཐུན་སྒྲིལ་དམ་པོས་ཀྲུང་གོའི་ཕུགས་འདུན་བརྩོན”ཞེས་པའི་ཡོངས་འདུས་སྨྱན་བྱད་མཚོ་ཤར་བོད་ཁུལ་དུ་བསྐྱོད་པའི་བཅར་འདྲི་ཚོ་ཆུང་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ས་ཁུལ་འབའ་གཙང་ཁོག་ཤང་ཐང་གསར་གྲོང་ཚོར་བསླེབས་ཤིང་། གྲོང་ཚོ་དེ་གའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་དབུལ་ཐར་ཕྱུག་འགྱུར་སྐོར་གྱི་ལས་དོན་ལ་བཅར་འདྲི་བྱས།

WechatIMG331_Fotor.jpg

ལས་བྱེད་མི་སྣས་ཐང་གསར་གྲོང་ཚོའི་གནས་ཚུལ་གསར་འགོད་པར་ངོ་སྤྲོད་བྱེད་བཞིན་པའི་ཚུལ།

གསར་འགོད་པས་ཤེས་གསལ་ལྟར་ན། ཐང་གསར་གྲོང་ཚོ་ནི་འབའ་གཙང་ཁོག་ཤང་གི་བོད་རིགས་རྐྱང་རྐྱང་གིས་གྲུབ་པའི་གྲོང་ཚོ་ཞིག་ཡིན་པ་དང་། ཁྱིམ་ཚང70དང་མི་གྲངས265ཡོད། ཉེ་བའི་ལོ་འགའི་རིང་། ཐང་གསར་གྲོང་ཚོས་མི་རིགས་འདྲ་མཉམ་དང་། མཐུན་སྒྲིལ། བརྟན་ལྷིང་། དར་རྒྱས་བཅས་ཀྱི་འདུ་ཤེས་ནན་ཏན་གྱིས་ལག་བསྟར་བྱས་ཏེ། ཤང་ཏང་ཨུ་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་། རིམ་པ་སོ་སོའི་སྡེ་ཁག་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག བསམ་བློ་བཅིངས་འགྲོལ་དང་། འདུ་ཤེས་གསར་བསྒྱུར། སེམས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ། “ཁ་བྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་དར་སྤེལ་ཤུགས་ཆེན་བཏང་བས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་བྱུང་ནས་སྤྱི་ཚོགས་འཆམ་མཐུན་གྱི་རྣམ་པ་ཡག་པོ་ཞིག་གཏོད་ཡོད།

WechatIMG338_Fotor.jpg

གསར་འགོད་པས་གྲོང་ཚོའི་ཨུ་ཡོན་ལྷན་ཁང་དུ་མང་ཚོགས་རྣམས་དང་བགྲོ་གླེང་བྱེད་བཞིན་པའི་ཚུལ།

གྲོང་ཚོའི་འགན་ཁུར་པས་ངོ་སྤྲད་པ་ལྟར་ན། ཐང་གསར་གྲོང་ཚོའི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ནུས་པ་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་རིགས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་བརྩོན་ལེན་བྱ་རྒྱུ་དེ། ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲུང་སྐྱོང་བྱེད་པའི་དོན་ཆེན་ཨང་དང་པོར་བརྩིས་ནས། མི་རིགས་མཐུན་སྒྲིལ་ལ་གནོད་པའི་རྒྱུ་རྐྱེན་མཐའ་དག་མེད་པར་བཟོས་ཤིང་། མང་ཚོགས་ཀྱི་དཀའ་ངལ་སྣ་ཚོགས་ལེགས་པར་སེལ་ཡོད། ལྷག་པར་དུ་རིག་གནས་བྱེད་སྒོ་སྤེལ་ནས་བསམ་པའི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། གཅིག་གྱུར་འཆར་འགོད་ཀྱིས་འཕེལ་རྒྱས་གཏོང་རྒྱུར་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་ཀྱི་བྱ་གཞག་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་། ནང་སྒོས་སུ་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བ་དང་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་དང་སྲ་བརྟན་དུ་གཏོང་བར་ཤུགས་བསྣན་པ་དང་། དབུལ་སྐྱོར་ཕྱུག་འགྱུར་ལམ་བུ་རྒྱ་བསྐྱེད་ནས་དཔལ་འབྱོར་འཚོ་བ་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་བཅས་བྱས་པར་བརྟེན། ད་ལྟ་ཐང་གསར་གྲོང་ཚོ་ལ་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་། སྔོན་ཐོན་གྲོང་ཚོ། ཕྱོགས་བསྡུས་བཅོས་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་གི་སྔོན་ཐོན་མཉམ་སྡེབ། གནད་སྨིན་དབུལ་སྐྱོར་གྱི་སྔོན་ཐོན་གྲོང་ཚོ། ཡིད་རྟོན་གྲོང་ཚོ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་གྲོང་ཚོ་གསར་སྐྲུན་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

WechatIMG345_Fotor.jpg

ཐང་གསར་གྲོང་ཚོར་ཐོབ་པའི་གཟི་བརྗིད་དཔང་ཡིག

མ་འོངས་པར་མཚོན་ན་ཡང་། གྲུབ་འབྲས་དེ་ཙམ་གྱིས་བློ་ཡིད་མི་ཚིམ་ཞིང་། ཡར་བརྩོན་གྱི་སེམས་ཤུགས་དུས་ནམ་ཡང་ལྷོད་དུ་མི་འཇུག་པར་དམངས་ཀྱི་འཚོ་བ་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་བ་དང་། ཞིང་ཆེན་རིམ་པ་དང་རྒྱལ་ཁབ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་གྲོང་ཚོའི་མཚན་སྙན་འཐོབ་ཆེད་ཤ་འབད་རུས་འབད་བྱ་རྒྱུའི་ཆོད་སེམས་བརྟན་པོར་བཅིངས་ཡོད་ཞེས་ངོ་སྤྲོད་བྱས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།