ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡུན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅིའམ། ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་གིས་ཚོགས་པའི་སྣེ་ཁྲིད་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ་ཁྲིམས་འཛིན་ཞིབ་བཤེར་བྱེད་པར་བསྐྱོད་པ་དང་། ཡར་ཞུ་ལ་ཉན་པ་དང་། ལྟ་བ། ཞིབ་བཤེར། གྲོས་མོལ་སོགས་ཀྱི་བྱེད་ཐབས་བརྒྱུད། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས་དང《ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱེད་པ་དང་། རི་སྐྱེས་སྲོག་ཆགས་གང་བྱུང་དུ་ཟ་བ་སྔོན་འགོག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་འགན་ལེན་ཏན་ཏིག་བཅས་བྱ་རྒྱུའི་སྐོར་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》དང《ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྔོན་པ་དང་། ཉོ་ཚོང་བྱེད་པ། བཟའ་བཏུང་བྱེད་པ་བཅས་གཏན་འགོག་བྱ་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་གཏིང་ཟབ་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ་དང་ལིག་ཏི་གཉིས་ཁྲིམས་འཛིན་ཞིབ་བཤེར་ལ་ཞུགས།
ཀྲང་ཀོང་རུང་གིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི“བཅའ་ཁྲིམས་གཅིག་དང་གཏན་འབེབས་གཉིས”ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན། ཞིང་ཆེན་ཏང་ཨུ་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་དང་སྲིད་གཞུང་རིམ་པ་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་བྱེད་པའི་མཐོ་ཚད་ལ་དམིགས་ནས། བསམ་བློ་སྔར་བས་གཅིག་གྱུར་དང་ཆབ་སྲིད་ཀྱི་ལངས་ཕྱོགས་་མཐོ་རུ་བཏང་ནས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ་དང་། བྱེད་ཐབས་སྣ་མང་གི་ཐོག་ནས་“བཅའ་ཁྲིམས་གཅིག་དང་གཏན་འབེབས་གཉིས་”དྲིལ་བསྒྲགས་གཏིང་ཟབ་བྱེད་པ། སྤྱི་ཚོགས་ཀྱི་ཤེས་རྟོགས་མཐོ་རུ་གཏོང་བ། རང་བྱུང་ཁམས་ལ་གཅེས་སྐྱོང་དང་། རང་བྱུང་ཁམས་ལ་གཅེས་སྤྲས། རང་བྱུང་ཁམས་ལ་བརྩི་འཇོག རང་བྱུང་ཁམས་ལ་བརྩི་སྲུང་བཅས་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཆགས་པར་སྐུལ་འདེད་གཏོང་དགོས་པ་བཅས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། །
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཕྱོགས་ཀྱི་བཅའ་ཁྲིམས་གཅིག་དང་གཏན་འབེབས་གཉིས”ལ་ཁྲིམས་འཛིན་ཞིབ་བཤེར་བྱས་པ།