མགོ་ལོག་གི“ཆུས་གསུམ་དང་ཁུལ་གཉིས”ཀྱི་སྟོང་ཝ10ཡི་གློག་དྲ་འཛུགས་སྐྲུན་ལས་གྲྭ་ཕྱོགས་ཡོངས་ནས་མཇུག་འགྲིལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས27ཉིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་བར་གཞི་ཤང་རྟ་སྒ་གྲོང་ཚོའི10kVལམ་ཐིག་སྣུར་སྲིང་ལས་གྲྭ་ནས་གློག་གཏོང་འགོ་ཚུགས་པ་དེས་མགོ་ལོག་གི“ཆུས་གསུམ་དང་ཁུལ་གཉིས”ཀྱི་གྲོང་གསེབ་དྲ་བའི་ལས་གྲྭའི་རྣམ་གྲངས་ཟླ་བ་གཅིག་གིས་སྔ་སྣུར་དུ་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་བ་མཚོན་ཡོད་པ་དང་། གྲོང་ཚོ་དབུལ་པོ80ཡི་དུད་ཚང30406གི་གློག་གི་གནད་དོན་ཐག་གཅོད་བྱས་པ་རེད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི4200ཡན་ཟིན་ཡོད་ལ། ས་ཁམས་གནས་ཡུལ་དང་ཁོར་ཡུག་སོགས་ཀྱི་རྐྱེན་པས་འབྲོག་པ་མང་ཚོགས་ཁག་གཅིག་གི་ཐོན་སྐྱེད་དང་འཚོ་བར་གློག་མཁོ་འདོན་བྱེད་པར་ཐོག་མཐའ་བར་གསུམ་དུ་དྲ་བྲལ་འོད་ཤུགས་གློག་ཁང་ལ་བརྟེན་ནས་གློག་མཁོ་འདོན་བྱེད་ཀྱིན་ཡོད་པ་དང་། སྒུལ་ཤུགས་ལ་བརྟེན་ནས་གློག་སྤྱོད་པ་སོགས་ཀྱི་ཐེག་ཚད་འབྲེལ་མཐུད་བྱེད་ཐབས་བྲལ་བས་མང་ཚོགས་ཀྱི་གློག་སྤྱོད་སྤུས་ཚད་འགན་ལེན་བྱེད་དཀའ་བ་ཡིན།

མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། རྒྱལ་ཁབ་གློག་དྲ་མཚོ་སྔོན་མགོ་ལོག་གློག་འདོན་ཀུང་སིས་གྲོང་གསེབ་ཀྱི་གློག་དྲ་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱས་ནས2018ལོ་ནས2020ལོ་བར་དུ་མ་དངུལ་སྒོར་དུང་ཕྱུར7.35བཏང་ནས“ས་གསུམ་དང་ཁུལ་གཉིས”ཀྱི་སྟོང་ཝ10ཡི་གྲོང་གསེབ་གློག་དྲ་ལས་གྲྭ119ལག་བསྟར་བྱས་པ་དང་། དེའི་ནང2020ལོར་རྣམ་གྲངས27ལག་བསྟར་བྱ་རྒྱུ་ཡིན་ལ་མིག་སྔར་རྣམ་གྲངས་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་བ་དང་བསྟུན་གློག་གནོན་གྱི་སྤུས་ཚད་དང་གློག་མཁོ་འདོན་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་རྒྱུ་རེད། 

ད་ལོའི་ལོ་འགོར་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་རྐྱེན་གྱིས་ལས་གྲྭ་འཛུགས་སྐྲུན་གྱི་མྱུར་ཚད་རྗེས་སུ་ལུས་པ་དང་། དེའི་ཁར་ཨར་ལས་བྱ་ཡུལ་གྱི་ས་བབ་མཐོ་ཞིང་འཁྱགས་སའི་ས་རིམ་ཅུང་མང་བ། དེ་བཞིན་གནམ་གཤིས་དང་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་པའི་དབང་གིས་ལས་ཡུལ་དངོས་སུ་ཨར་ལས་བྱེད་པར་དཀའ་ངལ་མང་པོ་འཕྲད་ཡོད་པ་དང་། ལས་གྲྭ་འཛུགས་སྐྲུན་དུས་བཀག་ལྟར་འཁོར་རྒྱུག་ཐུབ་པའི་འགན་ལེན་བྱ་ཆེད། མགོ་ལོག་ཀུང་སིས་དོ་དམ་བྱེད་སྟངས་གསར་གཏོད་བྱས་ནས་ས་གནས་ས་ཐོག་ཏུ་གཙོ་གནད་དང་དཀའ་གནད་ལས་གྲྭའི་འཕེལ་རིམ་ལ་ལྟ་སྐུལ་སྤྱི་འདོམས་བྱས་ཏེ་ཉིན་རེར་སྐད་འཕྲིན་བརྒྱུད་དེ་ཉིན་རེར་སྙན་སེང་དང་། ཉིན་རེར་དོ་དམ་ཚོད་འཛིན། ཉིན་རེར་མཐུན་སྦྱོར་བཅས་བྱེད་ཀྱི་ཡོད་པ་རེད། ལྷག་པར་དུ་ཀུང་སིས་དོན་དངོས་དང་མཐུན་པའི“ས་གསུམ་དང་ཁུལ་གཉིས”ཀྱི་གྲོང་གསེབ་དྲ་བའི་རྣམ་གྲངས་ལྡོག་སྒྲིག་ཨར་ལས་འཆར་གཞི་ཞིབ་འཇུག་གཏན་འབེབས་བྱས་ནས། ཟླ3ཚེས5ཉིན་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་ཚུགས་བྱས་པ་དང་། བཟོ་གྲྭར་ཞུགས་མཁན་ཁྱོན་མི578ཡོད་ལ། དེ་ནི་རྫོང6གི་སྲིད་འཛིན་གྲོང་ཚོ23གྱི་དུད་ཚང4079དང་འབྲེལ་བ་ཡོད་པ་དང་། ལས་གྲྭ་སྔ་སྣུར་དུ་ལས་མཇུག་འགྲིལ་རྒྱུར་རྨང་གཞི་བཏིང་ཡོད། 

ལས་འགོ་བསྐྱར་ཚུགས་བྱེད་པ་དང་དུས་མཚུངས་སུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། ས་གནས་དེ་གའི་མང་ཚོགས་དང་འབྲེལ་གཏུག་བྱ་རྒྱུ་ཉུང་དུ་གཏོང་ཆེད་ཡུལ་མིའི་སྡོད་ཁུལ་དང་རྒྱང་ཐག་རིང་བའི་རྩྭ་ས་བདམས་ནས་བཀག་སྡོམ་རྣམ་པའི་ཚད་ལྡན་ཅན་གྱི་རྣམ་གྲངས་པུའུ་འཛུགས་སྐྲུན་བྱས་ཏེ། མི་བཞི་མལ་ཁང་གཅིག་དང་ཉིན་རེར་དུག་སེལ་ཐེངས་གསུམ་རེ། དྲོད་ཚད་ཚད་ལེན་ཐེངས་གཉིས་རེ་བཅས་ལག་བསྟར་ནན་པོ་བྱེད་པ་དང་། དེ་བཞིན་བཟའ་བཏུང་ཁག་བགོས་ལམ་ལུགས། ཆེད་བསྐོས་མི་སྣས་དངོས་ཟོག་ཉོ་སྒྲུབ་བྱེད་པ། བརྙན་ལམ་གྱི་ལྟ་སྐུལ་ཚོད་འཛིན་སྒྲིག་སྦྱོར་བྱས་ནས་བཀག་སྡོམ་རྣམ་པའི་དོ་དམ་ལག་བསྟར་བྱས་པ་རེད།

ལས་གྲྭའི་ཁུལ་ལ་ས་བབ་མཐོ་ཞིང་གྲང་ངར་ཆེ་བ། གྲོང་གསེབ་གློག་དྲ་ལས་གྲྭའི་ས་ཚུགས་ཁ་ཐོར་དུ་གནས་ཞིང་བར་ཐག་རིང་བ། བར་སྣང་གི་ལས་ཀ་མང་བ། ལས་བཟོའི་ཚད་ཐོག་མཐོ་བ། བདེ་འཇགས་ཀྱི་ཉེན་ཁ་ཆེ་བ་བཅས་ཀྱིས་ཁྱད་ཆོས་ལྡན་ཡོད། ས་མཐོའི་བར་སྟོང་དུ་དབྱང་དབུགས་དཀོན་པའི་ཆ་རྐྱེན་འོག་ལས་ཀའི་བདེ་འཇགས་ཉེན་ཁ་དང་མ་གནས་ཇེ་ཆུང་དང་། ལས་གྲྭའི་སྤུས་ཚད་ཇེ་མཐོ་དང་ལས་ཡུན་ཇེ་ཐུང་དུ་གཏོང་ཆེད། མགོ་ལོག་ཀུང་སིས“ས་ངོས་སུ་ལས་ཐུབ་པའི་རིགས་བར་སྣང་དུ་མི་ལས་པ་དང་། འཁོར་ཁང་ནང་དུ་ལས་ཐུབ་པའི་རིགས་ལས་ཡུལ་དངོས་སུ་མི་ལས་པ། སྔ་སྣུར་སྒོས་ལས་ཐུབ་པའི་རིགས་ལས་ཀའི་དུས་སུ་མི་ལས་པ”བཅས་ཀྱི་ལས་ཀའི་བླང་བྱ་ལྟར། གྲོང་གསེབ་གློག་དྲ་འཛུགས་སྐྲུན་ལ་མཁོ་བའི་དངོས་ཟོག་ལ་ཐོག་མའི་ལས་སྣོན་བྱས་ནས་ས་ཁུལ་དབུལ་པོའི་གློག་དྲ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་འགན་ལེན་བྱས་པ་རེད།

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།