དབྱང་ཀྲི་ཝུན་གྱིས་མཐོ་རིམ་སློབ་གྲྭ་སྐོར་ཞིག་ལ་རྟོག་ཞིབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས8ཉིན་ནས་ཚེས9ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། བསམ་བློའི་ངོས་ཟིན་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། རང་འགུལ་གྱིས་ཁག་ཁུར་དང་འབད་འཐབ་བྱེད་པ། བྱ་བའི་བྱེད་ཐབས་ལ་གསར་གཏོད་བྱས་ནས། ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་གཏོང་དགོས་ཟེར།

དབྱང་ཀྲི་ཝུན་སྔ་གཞུག་ཏུ་མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གྲྭ་དང་ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་། མཚོ་སྔོན་མི་རིགས་སློབ་ཆེན་བཅས་ལ་སོང་ནས། དངོས་སྦྱོང་སློབ་ཚན་བཀོད་སྒྲིག་དང་ལས་གཞི་ཅན་གྱི་སློབ་ཁྲིད་བཀོད་སྒྲིག གསར་གཏོད་ལས་སྐྲུན་སྐྱེད་སྲིང་རྟེན་གཞི་འཁོར་རྒྱག་སོགས་འབྲེལ་ཡོད་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས་པ་དང་། མཐོ་རིམ་སློབ་གྲྭའི་སློབ་ཚན་འཛུགས་སྐྲུན་དང་མཐར་ཕྱིན་སློབ་མའི་དྲ་ཐོག་དྲ་འོག་གི་མི་བསྡུ་རྩ་འཛུགས། ལས་ཞུགས་ལས་སྐྲུན་ཞབས་ཞུ་མཛུབ་སྟོན། དཀའ་ཁག་ཅན་གྱི་སློབ་མའི་ལས་ཞུགས་རོགས་སྐྱོར་སོགས་བྱ་བར་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད། ཡུལ་དངོས་ནས་དཀའ་གནད་མཐུན་སྦྱོར་ཐག་གཅོད་བྱས།

དབྱང་ཀྲི་ཝུན་གྱིས་ནན་གྱིས་བསྟན་དོན། མིག་སྔར་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་གྱི་གནད་འགག་དུས་སྐབས་ཡིན་པས། འབྲེལ་ཡོད་སྡེ་ཁག་དང་མཐོ་རིམ་སློབ་གྲྭ་སོ་སོས་ལས་ཞུགས་གནས་བབ་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། འགན་འཁྲི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཞུགས་གཏན་འཇགས་ཀྱི་བྱ་བ་སྣ་ཚོགས་གཅིག་གྱུར་སྒོས་སྤེལ་ནས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་གྱི་གཏན་འཇགས་དང་གོ་རིམ་རྒྱུན་འཁྱོངས་བྱེད་དགོས། བསམ་བློའི་སྣེ་ཁྲིད་དང་དྲིལ་སྒྲོག་གི་སྣེ་ཁྲིད་རྣམ་པར་གསར་གཏོད་བྱེད་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་ལས་ཞུགས་ཀྱི་འདུ་ཤེས་ཡང་དག་འཛུགས་པར་རོགས་རམ་བྱེད་པ། ལས་ཞུགས་སྔོན་རྩིས་ལ་ལེགས་སྒྲིག་འོས་འཚམ་བྱས་ཏེ། མཐར་ཕྱིན་སློབ་མས་སྔོན་དུ་ལས་ཞུགས་བྱེད་པ་དང་རྗེས་སུ་ལས་འདེམ་བྱེད་པར་སྣེ་ཁྲིད་བྱེད་དགོས། རོགས་སྐྱོར་སྲིད་ཇུས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ལས་ཞུགས་ཐབས་ལམ་རྒྱ་སྐྱེད་དེ། མཐར་ཕྱིན་སློབ་མས་སྔ་མོ་ནས་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་དགོས། བྱ་བའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། ལས་འགན་བགོ་བཤའ་ཇེ་ཞིབ་ཏུ་གཏོང་བ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་ཐད་ཀྱི་གཙོ་གནད་དཀའ་གནད་དང་འབུར་ཐོན་གནད་དོན་ཐག་བཅད་དེ། མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལོ་ཧྲིལ་བོའི་ལས་ཞུགས་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།