“ངོས་མང་པོ་ནས་ཤུགས་བཏོན་ཏེ”གང་ནུས་ཅི་ཐུབ་ ཀྱིས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པ།

“‘ལུག’འཚོང་བརྒྱབ་སྟེ་ཕྱུག་པོར་འགྱུར་འདོད་ན། ཆུ་དམར་ལེབ་ལ་ཐེངས་གཅིག་སོང་དང་ཆོག”འདི་ནི་སྔོན་ཆད་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་དུ་སོང་མྱོང་བའི་ཚོང་གཉེར་རུ་ཁག་གིས་རྒྱུན་པར་བཤད་པའི་སྐད་ཆ་ཞིག་རེད། ད་ལྟའང་སྔར་བཞིན་དེ་ལྟར་བཤད་བཞིན་ཡོད། “ཆུ་དམར་ལེབ། ཆུ་དམར་ལེབ། ནང་དུ་སོང་ཚེ་ཕྱིར་འབུད་དཀའ།”ཞེས་པ་འདི་ཡང་སྔོན་ཆད་ཀྱི་ཚོང་གཉེར་རུ་ཁག་གིས་རྒྱུན་པར་བཤད་པའི་སྐད་ཆ་ཞིག་ཡིན་མོད། འོན་ཀྱང་ད་ལྟ“ནང་དུ་སོང་ཚེ་ཕྱིར་འབུད་དཀའ་བ”ནི་ལོ་རྒྱུས་སུ་གྱུར་ཟིན།

དུས་ཚོད་ནི་ཆེས་བློ་གཏད་ཆོག་པའི་བརྗེད་ཐོ་འགོད་མཁན་ཡིན་ལ། ཕྱོགས་ལྷུང་བྲལ་བའི་དོན་དངོས་ཀྱི་དཔང་པོ་ཡང་ཡིན།

ཆུ་དམར་ལེབ་རྫོང་གིས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་པ་དང་། “རྩྭ་སར་སྲུང་སྐྱོང་བྱེད་པ། ལུགས་མཐུན་ངང་ཕྱུགས་སྐྱོང་བ་དང་། ས་མཚམས་བཅད་ནས་ཕྱུགས་ཟོག་འཚོ་རེས་བྱེད་པ། ཐོན་ཁུངས་ཧྲག་སྡེབ་བྱེད་པ། འབྲོག་པའི་ཡོང་འབབ་ཇེ་མང་དུ་གཏོང་བ”བཅས་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རིམ་གྱིས“ཉུང་ལ་ཁ་ཐོར་ཡིན་པ”ནས“མང་ལ་གཅིག་བསྡུས་ཡིན་པ”རུ་འཕོ་འགྱུར་བྱུང་། ཕྱུགས་ཁྱུ་དང་ཕྱུགས་རྒྱུད་ཀྱི་གྲུབ་ཚུལ་ལེགས་སྒྱུར་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཕྱུགས་ཟོག་འཚོ་སྐྱོང་བྱེད་པའི་ཐབས་ལམ་ཡང་ཇེ་མང་ནས་ཇེ་མང་དུ་སོང་། མཉམ་ལས་ཁང་དུ་ཞུགས་པའི་འབྲོག་པ་མང་ཚོགས་མང་པོ་ཞིག་གིས་མཉམ་ལས་ཁང་ནས་ཚན་རིག་དང་ནུས་ལྡན་གྱི་འཚོ་སྐྱོང་རྩལ་ནུས་དང་གསོ་སྤེལ་ལག་རྩལ་སྦྱངས་ཏེ། ཤེས་མེད་ཚོར་མེད་ངང་སྔོན་ཆད་ཀྱི་ཐོན་སྐྱེད་འཚོ་བའི་བྱེད་སྟངས་བསྒྱུར་བ་རེད།

དབུལ་ཐར་འགག་སྒྲོལ་བྱེད་པར“ངོས་མང་པོ་ནས་ཤུགས་བཏོན་པ”སྟེ། ཆུ་དམར་ལེབ་རྫོང་གིས“སྐྱེ་ཁམས”དང“དབུར་ཐར”གྱི་ཐབས་ལམ་མཉམ་དུ་སྤྱད་དེ། ཧུར་ཐག་འབད་ཐག་སྒོས་རྫོང་ཡོངས་ཀྱི་དབུལ་ཕོངས་ངལ་རྩོལ་ནུས་པར་སྐུལ་སྤེལ་བྱས་པ་དང་།ལྷག་པར་དུ་ཚགས་བཙུགས་བྱང་སྒྲིག་བྱས་པའི་གནས་སྤོར་ཁྱིམ་ཚང་གི་ངལ་རྩོལ་ནུས་པར་ལས་རིགས་ནུས་རྩལ་གསོ་སྦྱོང་བྱས་ཏེ། གསོ་སྦྱོང་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་སྤེལ་བྱེད་པ་དང་། ལས་ཞུགས་ལ་བརྟེན་ནས་དབུལ་ཐར་ལ་སྐུལ་འདེད་བྱེད་པའི་དབུལ་ཐར་འགག་སྒྲོལ་གྱི་ལམ་བུ་ཞིག་བཏོད།

དབུལ་ཐར་བྱེད་པར་ཇི་ལྟར་དཀའ་ཁག་ལྡན་ན། ལས་བྱེད་མང་ཚོགས་ཀྱིས་དེ་ལྟར་འབད་འཐབ་བྱས་ཡོད། བདེ་སྐྱིད་ཀྱི་འཚོ་བ་ནི་རྩོལ་བ་ལས་བྱུང་བ་རེད། ཆུ་དམར་ལེབ་ནས་ཉིན་འགར་བཅར་འདྲི་བྱས་རྗེས། མྱོང་ཚོར་འདི་ལྟ་བུ་ཞིག་བྱུང་བ་སྟེ། ཡུན་རིང་རྒྱུན་བསྲིང་བའི་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་འདི་ནི། གཏོས་ཆེ་ལ་ཞིབ་ཚགས་ལྡན་པའི་བཟོ་སྐྲུན་ཞིག་ཡིན་པ་དང་། བསམ་བློ་དང་སེམས་རྒྱུད་ལ་ཐུག་པའི་སློབ་ཁྲིད་ཆེན་མོ་ཞིག་ཀྱང་རེད། ལྟོ་གོས་ཐག་གཅོད་པ་ནས་དབུལ་ཕོངས་ལས་ཐར་བ། རྒྱ་ཆེའི་དབུལ་ཕོངས་མང་ཚོགས་ཀྱིས་མི་སྒུག་པ་དང་མི་བརྟེན་པ། ཕུ་དུང་བརྫེས་ནས་ལས་ལ་འབུངས་ཏེ། ལོ་ངོ་བརྒྱ་སྟོང་མང་པོའི་རིང་གི་དབུལ་ནག་གི་གནད་དོན་དེ་རྩ་བ་ནས་ཐག་བཅད། འདི་ནི་སྔ་ན་མ་བྱུང་བའི་གྲུབ་འབྲས་ཡིན་སྟབས། ལོ་རྒྱུས་དེབ་ཐེར་དུ་བཀོད་ཆོག་ཆོག་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།