བྱིས་པ་ཚོར་རང་ཉིད་ཀྱི་དཔེ་མཛོད་ཁང་ཡོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ6པའི་ཚེས9ཉིན་མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་མཚོ་སྔོན་ཞིང་ཆེན་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་ཀྱི་ན་ཆུང་བྱིས་པའི་ཡན་ལག་ཁང་དེ་མཚོ་སྔོན་ཞིང་ཆེན་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་སུ་དངོས་སུ་སྒོ་བྱང་བཀལ་བ་རེད།

སྒོ་བྱང་འཀལ་བའི་ཉིན་མོ་དེར།   དཔེ་དེབ300ལྷག་དཔེ་མཛོད་ཁང་དུ་བཞག་པ་དང་།  བྱིས་པ་རྣམས་ཀྱིས་བྲེལ་འཚུབ་ངང་རང་ཉིད་དགའ་བའི་དཔེ་ཆ་འདེམས་ཏེ་ཀློག་ལྟ་བྱས་པ་རེད།  གྲོགས་པོ་ཆུང་ཆུང་ཝུན་ཝན་ཐིང་གིས《ང་རང་ཁྱེད་ལ་ཅི་འདྲ་དགའ་བ་ཚོད་དཔག་བྱས》ཞེས་པའི་དཔེ་ཆ་དེ་བདམས་ནས་དགའ་སྤྲོ་ཚད་མེད་སྐྱེས་བཞིན།   དཔེ་མཛོད་ཁང་གི་ཨ་ཁུ་དང་ཨ་ནེ་རྣམས་ལ་བཀའ་དྲིན་ཞུ།  ཁྱེེད་ཚོས་ང་ཚོ་ལ་ཤེས་བྱར་སློབ་སྦྱོང་བྱེད་པའི་ཁོར་ཡུག་བསྐྲུན་པ་དང་ང་ཚོའི་ཕུགས་འདུན་ལ་གཤོག་ཟུང་བསྩལ་བྱུང་ཟེར།

ན་ཆུང་ཡན་ལག་ཁང་བཙུགས་པ་དེས་གཞོན་ནུ་ལོ་ཆུང་བྱིས་པའི་སྤྱི་བའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་པ་དང་།  སྤྱི་བའི་དཔེ་མཛོད་ཁང་གི་ཞབས་ཞུའི་ནུས་པ་རྒྱུན་སྲིང་བྱས་ཏེ།  དཔེ་མཛོད་ཁང་གི་སྤྱི་ཚོགས་སློབ་གསོའི་ནུས་པ་འདོན་སྤེལ་བྱས་པ་མ་ཟད།  མཚོ་སྔོན་ཞིང་ཆེན་གྱི་གཞོན་ནུ་ལོ་ཆུང་བྱིས་པའི་སློབ་ཕྱིའི་འཚོ་བ་ཕུན་སུམ་ཚོགས་པར་བཏང་བ་དང་།  ནར་མ་སོན་པའི་བྱིས་པའི་རིག་གནས་ཀྱི་ཁེ་དབང་ལ་དོན་སྙིང་ལྡན་པའི་འགན་སྲུང་བྱས་པ་རེད།  མཚོ་སྔོན་ཞིང་ཆེན་གཞོན་ནུ་ལོ་ཆུང་བྱིས་པའི་བྱེད་སྒོའི་ལྟེ་གནས་ཀྱི་ཡན་ལག་དཔེ་མཛོད་ཁང་གིས་དུས་ཚུགས་རེར་དམར་བོའི་གསར་བརྗེ་དང་སྲོལ་རྒྱུན་རིག་གནས།  མི་སྣའི་རྣམ་ཐར།  ཚན་རྩལ་ཁྱབ་གདལ།  རྩོམ་རིག་གྲགས་ཅན།  བྱིས་པའི་ཀློག་དེབ་སོགས་དཔེ་དེབ་གསར་བ་སྣ་ཚོགས་གསར་བརྗེ་བྱེད་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན།  མཚོ་སྔོན་ཞིང་ཆེན་གཞོན་ནུ་ལོ་ཆུང་བྱིས་པའི་བྱེད་སྒོའི་ལྟེ་གནས་གྱིས་སྔར་ལས་ལྷག་པའི་སྒོ་ནས་གཞོན་ནུ་ལོ་ཆུང་བྱིས་པའི་སྤྱི་བའི་རིག་གནས་ཞབས་ཞུའི་ནུས་པ་འདོན་སྤེལ་བྱེད་པ་དང་།  ནུས་ཤུགས་ཡོད་རྒུས“མཚོ་སྔོན་གྱི་དམངས་ཡོངས་ལ་དཔེ་ཀློག་བྱེད་དུ་འཇུག་པའི”འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ།  ལོ་ཆུང་ཡན་ལག་ཁང་གིས་དུས་ཡུན་རིང་པོར་དཔེ་ཆ་གཡོར་བའི་ཞབས་འདེགས་ཞུ་བ་དང་།   གློག་རྡུལ་དཔེ་དེབ་ལྟ་ཀློག་དང་དུས་བཀག་ལྟར་དཔེ་དེབ་ལྟ་ཀློག་དང་མཉམ་སྤྱོད་བྱེད་སྒོ་སྤེལ་བ་སོགས་ཀྱི་བྱ་ཐབས་སྤྱད་དེ།  དཔེ་མཛོད་ཁང་བྱིས་པ་ཚོའི་ཉེ་འགྲམ་དུ་བཙུགས་ནས་དཔེ་དེབ་མཚམས་སྦྱོར་བྱེད་པ་བརྒྱུད།  རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོར་དཔེ་ཀློག་བཟང་པོ་བྱེད་པ་དང་དཔེ་དེབ་བཟང་པོ་ཀློག་འདོན་བྱེད་པའི་དཔེ་ཀློག་གོམས་གཤིས་བཟང་པོ་ཆགས་སུ་འཇུག་པར་ཁྲིད་སྟོན་བྱས་ནས།   གཞོན་ནུ་ལོ་ཆུང་དག་གི་རིག་གནས་ཆུ་ཚད་མཐོ་རུ་གཏོང་བ་དང་བླ་ན་མེད་པའི་བསམ་ཚུལ་ལ་ཤུགས་རྐྱེན་བཟང་པོ་ཐེབས་སུ་འཇུག་པ་དང་། སློབ་གྲྭའི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།