པད་མ་རྫོང་གིས་བོད་ཇ་འཐུ་བའི་དུས་ཆེན་སྐབས་གཉིས་པ་བསྡུས།

1591578761903629.jpg

   འབྲོག་པ་མང་ཚོགས་རྩ་འཛུགས་བྱས་ནས་བོད་ཇ་འཐུ་བ་དང་ཇ་བཟོ་བའི་ནུས་རྩལ་འགྲན་བསྡུར་བྱེད་བཞིན་པ། 

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྤྱིའི་ཇའི་ཉིན་མོ”ཐེངས་དང་པོ་བསུ་བའི་རྗེས།  ཟླ6པའི་ཚེས6ཉིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ཏང་ཨུ་དང་། རྫོང་སྲིད་གཞུང་། ཞིང་ཆེན་སྨར་ཁོག་གཙང་པོ་ནགས་ལས་ཅུའུ་བཅས་ཀྱིས་གཙོ་སྒྲུབ་བྱས་པའི“མདོག་གསུམ་པད་མ”ཞེས་པའི་བོད་ཇ་འཐུ་བའི་དུས་ཆེན་སྐབས་གཉིས་པ་སྨར་ཁོག་ནགས་ར་ནས་བསྡུས། 

 ཉེ་བའི་ལོ་འགའི་རིང་། པད་མ་རྫོང་གིས་ས་གནས་དེའི་ཐུན་མོང་མ་ཡིན་པའི་ལྗང་མདོག་སྐྱེ་ཁམས་དང་། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། ཁྱད་ལྡན་ཐོན་ཁུངས་སོགས་ཀྱི་ལེགས་ཆ་སྤྱད་ནས་བོད་ཇའི་ཐོན་ལས་འཕེལ་རྒྱས་ལ་ཤུགས་བསྣན་པ་དང་། བསྡོམས་པས་དབུལ་སྐྱོར་མ་དངུལ་སྒོར་ཁྲི1800བཏང་སྟེ་བོད་ཇ་འདེབས་འཛུགས་དང་། ཐོན་སྐྱེད་ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་པད་མ་རྫོང་བོད་ཇ་ཐོན་ལས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་ཟི་བཙུགས། “ཀུང་སི+འབྲོག་དུད་+རྟེན་གཞི”དང“ཀུང་སི+མཉམ་ལས་ཁང+འབྲོག་དུད་ཟུང་འབྲེལ”གྱི་དབུལ་སྐྱོར་ཐོན་ལས་སྦྲེལ་ཐག་གི་རྣམ་པ་རིམ་བཞིན་ཆགས་ཡོད། མིག་སྔར་སྤྱི་ཆིང་ཁྲི་0.123ཡི་བོད་ཇ་འདེབས་འཛུགས་རྟེན་གཞི་བཙུགས་ཡོད་པ་དང་། 2016ལོ་ནས2019ལོའི་བར་བོད་ཇ་ཀུང་སིས་བོད་ཇ་ཏུན19.1ཉོ་སྒྲུབ་ལེགས་འགྲུབ་བྱུང་ཞིང་བོད་ཇ་ཏུན་7.3ཐོན་སྐྱེད་བྱས་ཡོད།

 ཐེངས་འདིའི་བོད་ཇ་འཐུ་བའི་དུས་ཆེན་གྱིས“བོད་ཇ་ཐོན་ལས་དར་སྤེལ་བྱས་ཏེ་དབུལ་སྐྱོར་མཁྲེགས་གཏོར་ལ་རམ་འདེགས་བྱེད་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། ཇ་ལ་བརྟེན་ནས་གྲོགས་པོ་སྒྲིག་པ་དང་། ཇ་ལ་བརྟེན་ནས་ཡུལ་སྐོར་དར་སྤེལ་གཏོང་བ། ཇ་དང་ཡུལ་སྐོར་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་མཐོ་སྒང་གི་ལྗང་མདོག་སྐྱེ་ལྡན་གྱི་བོད་ཇ་ཐོན་ལས་སྔར་བས་དར་སྤེལ་བཏང་སྟེ། པད་མ་བོད་ཇ་དང་སྨན་ཇའི་ཐོན་ལས་དེ་བདེ་ཐང་ཐོན་ལས་དང་། དམངས་ཕྱུག་ཐོན་ལས། རྐང་འཛིན་ཐོན་ལས་བཅས་སུ་འཕེལ་རྒྱས་གཏོང་རྒྱུ་ཡིན་པ་མ་ཟད། “མདོག་གསུམ་པད་མའི”བོད་ཇའི་མིང་རྟགས་གསར་སྐྲུན་བྱེད་པ་དང་གངས་ལྗོངས་བོད་ཇ་ཐོན་ལས་དར་རྒྱས་ལ་སྐུལ་འདེད་བཏང་སྟེ“དམངས་འཚོའི་ཇ་”དང་“དབུལ་སྐྱོར་ཇ་”དངོས་སུ་མངོན་འགྱུར་བྱེད་པ་དང་། རྫོང་ཡོངས་ཀྱི་འབྲོག་པ་མང་ཚོགས་དབུལ་ཕོངས་ལས་ཐར་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་གོམ་ཁ་ཇེ་མགྱོགས་སུ་གཏོང་རྒྱུ་རེད། །  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།