བོད་ཀྱི་རིག་གནས(ཡུལ་ཤུལ)སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2017ལོར་བོད་ཀྱི་རིག་གནས(ཡུལ་ཤུལ)སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་བཙུགས་པ་ནས་བཟུང་། ཏན་ཏན་ཏིག་ཏིག་གིས་རྨང་གཞི་བཏིང་སྟེ། ཕྱོགས་མང་འཕེལ་རྒྱས་དང་ཁྱོན་ཡོངས་ཇུས་འགོད་བྱས་པ་བརྒྱུད་ཚོད་ལྟ་ཁུལ་གྱི་ཐོག་མའི་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ལོ་ངོ་གསུམ་གྱི་རིང་། བོད་ཀྱི་རིག་གནས(ཡུལ་ཤུལ)སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་གྱིས་ཀ་གཞུང་ཤང་གི་བོད་ཡིག་ཡིག་གཟུགས་དང་། ཡུལ་ཤུལ་གྱི་རྒྱན་གོས་བཟོ་བཀོད། ཀརྨ་སྒར་བྲིས་ཐང་གའི་ལག་རྩལ་སོགས་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་ཀྱི་རྒྱུན་འཛིན་གསོ་སྦྱོང་བྱེད་སྒོ་སྤེལ་བ་མ་ཟད། ད་དུང་རིག་གནས་པུའུ་དང་སློབ་གསོ་པུའུ་ཡི་ཞིབ་འཇུག་ཟབ་སྦྱོང་འཆར་གཞིའི་ནང་ཧུར་ཐག་གིས་ཞུགས་ཏེ། སྔ་རྗེས་སུ་རྫ་ནག་དང་། ཐང་ག འཁལ་འཐག་ལག་རྩལ་རིགས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ50ལྷག་ཙམ་ཆིན་ཧྭ་སློབ་ཆེན་མཛེས་རྩལ་སློབ་གླིང་སོགས་མཐོ་རིམ་སློབ་ཆེན་གྱིས་སྒྲུབ་པའི་ཞིབ་འཇུག་གསོ་སྦྱོང་ནང་ཞུགས་པ་རེད།   དེ་དང་དུས་མཚུངས་སུ། ཚོད་ལྟའི་ས་ཁུལ་དུ་ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་གསོ་སྦྱོང་སའོ22དང་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་གསོ་སྦྱོང་རྟེན་གཞི2བཙུགས་པ་མ་ཟད། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཚོད་ལྟའི་ལྟེ་གནས་ཐོག་མ་འཛུགས་པར་རོགས་སྐྱོར་བྱས་ཏེ། ཚོད་ལྟའི་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྒྱུ་རྩལ་པའི་གསོ་སྦྱོང་ལག་རྩལ་ལ་ལས་སྟེགས་སྔར་བས་མང་པོ་མཁོ་འདོན་བྱ་ཆེད། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་སློབ་གྲྭར་ཁྱབ་གདལ་གཏོང་བ་དང་སྡེ་ཁུལ་དུ་ཁྱབ་གདལ་གཏོང་བའི་བྱེད་སྒོར་བརྟེན་ནས་སྲོལ་རྒྱུན་རིག་གནས་ཀྱི་རང་ངོས་རྒྱུན་འཛིན་གྱི་ནུས་པ་ཆེ་རུ་བཏང་ཡོད་པ་རེད། རིག་གནས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་ཆེད་ཚོད་ལྟའི་ཁུལ་གྱིས་ད་དུང“རིག་གནས་འགྲེམས་སྟོན་བྱེད་སྒོ་སྤེལ་ནས། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་བརྩམས་ཆོས་གསར་གཏོད་ལ་ཧུར་ཐག་སྒོས་སྐུལ་འདེད་གཏོང་བའི”བྱེད་ཐབས་སྤྱད་དེ་རྒྱལ་ཁབ་རྟེན་རྫས་བཤམས་སྟོན་མཛོད་ཁང་རྨང་གཞི་བྱེད་པ་དང་། དམངས་གཉེར་རྟེན་རྫས་བཤམས་སྟོན་མཛོད་ཁང་གིས་གཞོགས་འདེགས་བྱེད་པའི་རིག་གནས་དངོས་མང་བཤམས་སྟོན་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཡོད་ལ། ཡུལ་ཤུལ་གྱི་སྲོལ་རྒྱུན་རིག་གནས་དར་སྤེལ་བྱས་ཏེ་རིག་གནས་ཀྱི་རྨང་གཞི་བཏིང་བ་རེད། 

རྒྱུས་ལོན་བྱུང་བ་ལྟར་ན། སྔར་ལས་ལེགས་པའི་ཚོད་ལྟའི་ཁུལ་འཛུགས་སྐྲུན་གྱི་ཁོར་ཡུག་ཅིག་སྐྲུན་ཆེད། ཚོད་ལྟའི་ཁུལ་ཐོག་མར་བཙུགས་པའི《བོད་ཀྱི་རིག་གནས(ཡུལ་ཤུལ)སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་གྱི་སྤྱིའི་འཆར་འགོད》ལག་བསྟར་བྱེད་འགོ་བརྩམས་པའི་རྨང་གཞིའི་ཐོག 《བོད་ཀྱི་རིག་གནས(ཡུལ་ཤུལ)སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟའི་ཁུལ་གྱི་དོ་དམ་བྱ་ཐབས》དང《ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་སྲོལ་ཡིག》བཅས་རིམ་བཞིན་སྒྲིག་བཟོ་བྱེད་བཞིན་ཡོད་ཅིང་། 《ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་རྡོ་བརྐོས་རིག་གནས་སྲུང་སྐྱོང་དོ་དམ་སྲོལ་ཡིག》བཟོས་ནས་ཚོད་ལྟའི་ཁུལ་དུ“ཤུལ་བཞག་ཕུན་སུམ་ཚོགས་པ་དང་། ཁྱད་ཆོས་མངོན་གསལ་དོད་པ། རྣམ་པ་བཟང་བ། དམངས་ལ་ཕན་པ”བཅས་ཀྱི་དམིགས་ཚད་ཧུར་ཐག་གིས་མངོན་འགྱུར་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།