ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ངོ་“181འཁོར་བའི་ཡར་སྔོན་གྱི་དེ་རིང་། རྔམ་བརྗིད་ཆེ་བའི་ཉལ་ཐ་བཀག་སྡོམ་གྱི་བྱེད་སྒོ་ཞིག་ཀོང་ཏུང་ཧུའུ་མོན་དུ་སྤེལ་བ་རེད། ལིན་ཙེ་ཞུས་ཀྱི་འགོ་ཁྲིད་འོག་ཐེངས་དེའི་ཉལ་ཐ་བཀག་སྡོམ་བྱེད་སྒོ་དེས་ཁྱོན་ཉལ་ཐ་རྒྱ་མ་ཁྲི200ལྷག་ཙམ་མེད་པར་བཟོས་པ་རེད།” ཟླ6པའི་ཚེས3ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་གྱི་ཨོ་རྩལ་ཐང་ཆེན། ཉལ་ཐ་འགོག་པའི་མི་དམངས་ཉེན་རྟོག་པས་གྲོང་མིར་ཀྲུང་གོའི་ཉལ་ཐ་འགོག་པའི་ལོ་རྒྱུས་ངོ་སྤྲོད་བྱས་པ་དང་། ཉལ་ཐ་འགོག་པའི་དྲིལ་བསྒྲགས་སློབ་གསོ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་ཧུར་ཐག་གིས་རྒྱ་ཆེའི་མང་ཚོགས་ཉལ་ཐ་འགོག་པའི་བྱ་འགུལ་ནང་ཞུགས་པར་སྐུལ་སློང་བྱས་པ་རེད། མཚོ་ནུབ་ཁུལ་དུག་འགོག་ཨུ་ལྷན་གྱིས་ཁུལ་ཡོངས་ཀྱི་ས་གནས་ཁག་གི་ཁོངས་མིའི་ལས་ཁུངས་རྩ་འཛུགས་བྱས་ནས“6·3”གྱི་ཧུའུ་མོན་དུ་ཉལ་ཐ་གཙང་སེལ་བྱས་ནས་ལོ་ངོ181འཁོར་བའི་དྲན་གསོའི་ཉིན་མོ་བརྗོད་དོན་གཙོ་བོ་བྱས་པའི་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་ནས་བཟུང་མཚོ་ནུབ་ཁུལ་གྱིས་དུག་རྫས་ཀྱི་འབྱུང་ཁུངས་དང་། དུག་རྫས་ཀྱི་གནོད་འཚེ། དུག་རྫས་གསར་པ་འཐེན་མཁན་བཅས་བཀག་འགོག་བྱ་རྒྱུ་དམིགས་ཡུལ་དུ་བཟུང་སྟེ་བཀག་སྡོམ་བཞི་དུས་གཅིག་ཏུ་སྤེལ་བ་དང་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་ཀའི་བྱ་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། རྡུང་རྡེག་ཚ་ནན་དང་བཅོས་སྐྱོང་ནན་མོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། “རྡུང་རྡེག་གཉིས་དང་ཚོད་འཛིན་གཉིས་”ཀྱི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས་དུག་འགོག་ཁྲིམས་འཛིན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད་པ་མ་ཟད། དུག་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ཁྱབ་ཇེ་ཆེར་འགྲོ་བ་བཀག་འགོག་བྱས་པས་དུག་འགོག་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།
བྱེད་སྒོ་སྤེལ་བའི་སྐབས། ཁུལ་ཡོངས་ཀྱི་ས་གནས་ཁག་གི་དུག་འགོག་ཨུ་ལྷན་གྱིས་དྲིལ་བསྒྲགས་ས་ཚིགས་འཛུགས་པ་དང་། དུག་འགོག་དྲིལ་བསྒྲགས་འགྲེམས་པང་སྒྲིག་པ། དུག་འགོག་དྲིལ་བསྒྲགས་ལག་དེབ་སྤྲོད་པ། དེ་བཞིན་དུག་འགོག་དྲིལ་བསྒྲགས་འཕྲེད་འགེལ་སྦྱར་ཡིག་འགེལ་བ་སོགས་ཀྱི་དྲིལ་བསྒྲགས་བྱེད་ཐབས་སྤྱད་དེ་དྲན་གསོའི་བྱེད་སྒོ་སྤེལ་བ་དང་དུས་མཚུངས་སུ་སྤྱི་བདེ་མི་དམངས་ཉེན་རྟོག་པས་དུག་རྫས་ལ་ལད་མོ་བྱས་ཏེ་དུག་རྫས་ཀྱི་སྣ་ཁ་དང་། དུག་རྫས་ཀྱི་གནོད་འཚེ། དུག་རྫས་བཀག་འགོག་བྱེད་ཐབས་བཅས་ལ་ཞིབ་ཕྲའི་འགྲེལ་བཤད་བརྒྱབ་སྟེ། རྒྱ་ཆེའི་གྲོང་མི་ཧུར་ཐག་གིས་བྱེད་སྒོའི་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་ནུབ་ཀྱིས“6·3”ཧུའུ་མོན་དུ་ཉལ་ཐ་བཀག་སྡོམ་བྱས་ནས་ལོ་ངོ181འཁོར་བའི་དྲན་གསོའི་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།