མཚོ་སྔོན་ཞིང་ཆེན་གྱིས་དམངས་ཡོངས་ཀྱི་ཚན་རིག་སྤུས་ཚད་བྱ་བའི་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་བཞི་ཉིན། ཉིས་སྟོང་ཉི་ཤུ་ལོའི་མཚོ་སྔོན་ཞིང་ཆེན་དམངས་ཡོངས་ཀྱི་ཚན་རིག་སྤུས་ཚད་བྱ་བའི་ཚོགས་འདུ་ཟི་ལིང་ནས་བསྡུས། ཚོགས་ཐོག་ཏུ་དམངས་ཡོངས་ཀྱི་ཚན་རིག་སྤུས་ཚད་ཀྱི་འགུལ་སྐྱོད་འཆར་གཞིའི་རྩ་གནད་ལ་སྐུལ་འདེད་དང་དངོས་འབེབས་བྱེད་པའི་བྱ་བའི་ཚོགས་འདུའི་ཟིན་བྲིས་གནད་བསྡུས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་ལ། ཞིང་ཆེན་རིམ་པའི་ཁོངས་གཏོགས་སྡེ་ཁག་ལ་ལྟ་སྐུལ་ཞིབ་བཤེར་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་དང་། ཉིས་སྟོང་ཉི་ཤུ་ལོའི་མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ཀྱི་ཚན་རིག་སྤུས་ཚད་འགུལ་སྐྱོད་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མྰ་ཅི་ཞའོ་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་། ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་ཚོགས་འདུར་འགོ་འཛིན་མཛད།

མ་ཅི་ཞའོ་ཡིས་བསྟན་དོན། འདས་པའི་ལོ་གཅིག་ནང་། སྒྲིག་སྲོལ་དང་ལམ་སྲོལ་མུ་མཐུད་དུ་ལེགས་བཅོས་བྱས་ནས་གནད་དོན་དག་ཐེར་དམ་འཛིན་བྱས་པ་དང་། རྩ་གནད་དངོས་འབེབས་ལོར་སྐུལ་འདེད་བཏང་། ལྷག་པར་དུ་མཛུབ་སྟོན་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་བ་དང་། ཚན་རིག་ཐོན་ཁོངས་། ཚན་རྩལ་འཇོན་མི། ཚན་རྩལ་ཞབས་ཞུ་གཞི་རིམ་དུ་རྐང་ཚུགས་པ་སོགས་ལ་སྐུལ་འདེད་བཏང་ནས། ལས་འགན་ལེགས་འགྲུབ་འབྱུང་བར་རྨང་གཞི་བརྟན་པོ་བཏིང་། ཉིས་སྟོང་ཉི་ཤུ་ལོ་ནི་མཚོ་སྔོན་ཞིང་ཆེན་གྱིས་དམངས་ཡོངས་ཀྱི་ཚན་རིག་སྤུས་ཚད་ཀྱི་འགུལ་སྐྱོད་འཆར་གཞིའི་རྩ་གནད་ལག་བསྟར་འགག་སྒྲོལ་བྱེད་པའི་ལོ་དང་། རྒྱལ་ཁ་ལེན་པའི་ལོ། དཔྱད་ཞིབ་ལོ་བཅས་ཡིན་པས། ཁོངས་གཏོགས་སྡེ་ཁག་སོ་སོས་གཞོགས་འདེགས་དམ་ཟབ་བྱེད་དགོས། ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱེད་པ་དང་། རང་འགུལ་གྱིས་གནས་འཕར་བྱེད་པ་དང་དུས་ཐོག་ཏུ་གསབ་འདེམ་བྱེད་པ། མཉམ་ལས་དམ་ཟབ་བཅས་བྱས་ནས་ལས་དོན་དངོས་འབེབས་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་དགོས་ཟེར།

ཀྲང་ལིས་ཀྱིས་བསྟན་དོན། དམངས་ཡོངས་ཀྱི་ཚན་རིག་སྤུས་ཚད་མཐོར་འདེགས་གཏོང་བ་ནི་ལས་གཞི་མ་ལག་ཅན་ཞིག་ཡིན་ལ། སྡེ་ཁག་དང་ལས་རིགས། ས་ཁུལ་སོ་སོས་ངེས་པར་དུ་ཐུན་མོང་ཐོག་ཁག་ཁུར་བྱེད་དགོས་པའི་ལས་འགན་ཞིག་ཀྱང་ཡིན། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་རྩ་གནད་སློབ་སྦྱོང་དང་རྩ་གནད་དངོས་འབེབས་བྱེད་པར་འབད་པ་ལྷོད་མེད་བྱེད་དགོས། ཁོངས་གཏོགས་སྡེ་ཁག་སོ་སོས་སྔར་ལས་ལྷག་པར་ཤེས་བྱ་གཏིང་ཟབ་དང་ཆབ་སྲིད་ལངས་གནས་མཐོར་འདེགས་གཏོང་དགོས། ནན་ཏན་སྒོས་དཔྱད་གཞི་ལེགས་སྒྲིག་བྱས་ནས་ཡིག་ཚགས་ནང་དུ་འཇོག་པ་དང་ལམ་ལུགས་འཛུགས་པ་སོགས་རྨང་གཞིའི་ལས་དོན་ལེགས་པོར་སྒྲུབ་པ་དང་ཆབས་ཅིག་ཏུ། རྩ་གནད་དང་ཐུན་མོང་འབྲེལ་མཐུད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཆ་འཕྲིན་བརྗེ་རེས་དང་ཕན་ཚུན་རྒྱབ་སྐྱོར་དང་རོགས་ལས་བྱས་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་རྩ་གནད་དངོས་འབེབས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཞིབ་དཔྱོད་ཁང་ལ་ཚད་ལྡན་གྱི་རྒྱུགས་ལན་ཞིག་སྤྲོད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།