མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་འགུལ་སྐྱོད་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་འགུལ་སྐྱོད་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། 《རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་མཚོ་སྔོན་གྱི2020ལོའི་འགུལ་སྐྱོད་ཇུས་གཞི》ལག་བསྟར་དོན་འཁྱོལ་གྱི་བྱ་བ་བཀོད་སྒྲིག་བྱས་ཏེ། ལོ་རྒྱུས་དང་། མི་རིགས། མཚོ་སྔོན་བཅས་ལ་འགན་འཁུར་བའི་འགན་འཁྲིའི་འདུ་ཤེས་དང་མཁོ་གལ་འདུ་ཤེས་ཡོད་པའི་སྒོ་ནས། རྒྱལ་ཁ་ལེན་པའི་རྣམ་འགྱུར་གྱི་ཐོག་ནས་མི་དམངས་ཀྱི་ཆེད་དུ་འགན་འཁྲི་འཁུར་བ་དང་དུས་རབས་ཀྱི་ཆེད་དུ་འགན་འཁྲི་འཁུར་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་བྱེད་དགོས་པར་ནན་གྱིས་བསྟན་པ་མ་ཟད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་གྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་ལེན་པའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་གསུང་བཤད་གནང་ཞིང་། ཧྲིན་ཀྲང་དང་ཞིང་ཆེན་གྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ལེན་པའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཉིང་གིས་སྐུལ་སློང་བཀོད་སྒྲིག་གནང་བ་རེད།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། འགུལ་སྐྱོད་ཇུས་གཞི“གཙོ་བོ”གོང་འོག་གིས་མྱུར་ཏུ་འགུལ་སྐྱོད་བྱེད་པ་དང་སྤྱི་ཡོངས་ཀྱི་བླང་བྱར་དམིགས་ནས་ལས་དོན་དམ་འཛིན་དོན་གཉེར་བྱ་རྒྱུ་ནི་མྱུར་ཏུ་འགུལ་སྐྱོད་བྱེད་པའི་ཕྱོགས་སྟོན་ཡིན་ལ། “དབུལ་ཐར་གཅིག་དང་ལྡབ་འཕར་གཉིས”ཀྱི་དམིགས་ཚད་མངོན་འགྱུར་འབྱུང་བ་དང་། ཞན་ཆ་གསབ་པའི་གཙོ་གནད་དེ“མངོན་འགྱུར་བཞིའི”ཐད་དུ་ཡོད། དཔལ་འབྱོར་འཕེལ་རྒྱས་ཀྱི་ཞན་ཆ་གསབ་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆ་རྐྱེན་འོག བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་དང་སྒྱུར་བཅོས་སྒོ་དབྱེ་སྒུལ་ཤུགས་སུ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། སེམས་ཤུགས་གཅིག་སྒྲིལ་གྱིས་“བརྟན་བརླིང་དྲུག་”དང་“འགན་སྲུང་དྲུག་”གི་ལས་དོན་དམ་འཛིན་བཟང་པོ་བྱེད་དགོས་པར་བསྟན་པ་མ་ཟད། སྤྱི་པའི་ཞབས་ཞུའི་ཞན་ཆ་གསབ་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དེ་བླ་ན་མེད་པའི་གནས་སུ་འཇོག་རྒྱུ་རྒྱུན་འཁྱོངས་དང་། མང་ཚོགས་ཀྱི་དགོས་མཁོ་དང་སྤྱི་པའི་ཞབས་ཞུའི་ཞན་ཆར་དམིགས་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམ་ཆུང་སྐྱོང་མཁན་ཡོད་པ་བཅས་ཀྱི་ཐད་ལ་འབད་བརྩོན་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཞན་ཆ་གསབ་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དགོངས་དོན་གྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་ནས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་སྐྱེ་ཁམས་སྔོན་ལ་བཞག་ནས་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་དང་། གནད་དུ་འཁེལ་བའི་ཤུགས་འདོན་པ། ཚན་རིག་དང་མཐུན་པའི་བཅོས་སྐྱོང་། ཁྲིམས་ལྟར་སྐུལ་འདེད་བཅས་བྱས་ཏེ། ནམ་མཁའ་སྔོན་ཞིང་། ཆུ་བོ་དྭངས་ལ། ས་གཞི་གཙང་བ་བཅས་ཀྱི་སྲུང་སྐྱོང་གི་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ཐོབ་པ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་པའི་ལྗང་མདོག་གི་རྨང་གཞི་ཡག་པོ་བཏིང་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འཕེལ་རྒྱས་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་། སྤྱི་ཚོགས་ཡར་ཐོན་གྱི་ཞན་ཆ་གསབ་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་དུ་བསྟར་བ་རྩ་བར་འཛིན་པ། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུ་གཙོ་གནད་དུ་འཛིན་པ། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་དམ་འཛིན་བྱ་གཞིར་བཟུང་སྟེ། བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་དང་ཐེག་ནུས་ཆེ་རུ་གཏོང་བ་དང་། ཀུན་གྱིས་དོ་སྣང་བྱེད་སར་ཨ་ལན་སློག་པ་དང་། དོ་ཁུར་བྱེད་སར་དོ་སྣང་བྱེད་པ། དཀའ་གནད་སེལ་བ། འགག་གནད་གཤོང་བ། འདེགས་གནས་ལ་ཤུགས་རྒྱག་པ་བཅས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པར་བསྟན། 

  ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། འགུལ་སྐྱོད་ཇུས་གཞི“ནི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གཙོ་བོ་ཡིན་ཞིང་། ཏང་སྲིད་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་ཀྱི་མིག་དཔེ་སྟོན་པ་ནི་མཚོ་སྔོན་ལ་རྒྱུགས་ལན་སྤྲོད་པའི་གནད་འགག་ཡིན། འགོ་ཁྲིད་ཚན་ཆུང་གིས་གདུང་འདེགས་ཀྱི་ནུས་པ་བཏོན་ནས་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པར་སྣེ་ཁྲིད་བཟང་བོ་བྱ་དགོས་པ་དང་། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་བཟང་པོ་བྱེད་པ། འབྲེལ་ཡོད་འགན་འཁུར་ལས་ཁུངས་ཀྱིས་སྐུལ་འདེད་བཟང་པོ་བྱེད་པ། འགུལ་སྐྱོད་ཀྱི་ཇུས་གཞིའི་ནང་གཏན་འཁེལ་བྱས་པའི་ལས་འགན་གྱི་ཞིབ་ཐོ་རེ་རེ་བཞིན་སྔོན་དུ་སྤེལ་བར་ནན་གྱིས་དམ་འཛིན་བྱེད་པ། ལས་དོན་གནད་དུ་འཁེལ་ཞིང་། སྟོབས་ཤུགས་གནད་དུ་འཁེལ་བ། འགན་འཁྲི་གནད་དུ་འཁེལ་བ་བཅས་ཡོང་བའི་འགན་ལེན་བྱེད་པ་བཅས་བྱས་ཏེ། འགོ་ཁྲིད་ཀྱི་ནུས་པར་བརྟེན་ནས་ལག་བསྟར་གྱི་ནུས་པར་སྐུལ་ཁྲིད་ཀྱིས་འགུལ་སྐྱོད་བྱ་སྤྱོད་ཀྱི་ཇུས་གཞི་དངོས་གནས་ལག་ལེན་དུ་བསྟར་ཐུབ་པ་བྱེད་དགོས་པར་བསྟན།

ལིག་ཉིང་གིས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་པ་བྱ་རྒྱུ་ནི་མཚོ་སྔོན་གྱིས་རྒྱུན་མཐུད་འབད་འཐབ་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ལྕི་མོ་ཞིག་ཡིན། བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་རིམ་བྱུང་གི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུ་དེ་མཚོ་སྔོན་གྱི་སྲིད་སྐྱོང་བྱ་བའི་ལས་འགན་ཨང་དང་པོར་བཞག་སྟེ། ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དམིགས་འབེན་གཏན་འཁེལ་དང་རྒྱུན་མཐུད་འབད་འཐབ་བཅས་བྱས་པས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་ཕུགས་འདུན་མངོན་འགྱུར་འབྱུང་བར་ཉེ་བར་བཅར་ཡོད། ལག་བསྟར་བྱ་སྤྱོད་ཀྱི་འཆར་གཞི་བཟོ་བ་ནི་རྒྱུན་ཆད་མེད་པར་བཟང་ཕྱོགས་སུ་འགྲོ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྩའི་རྨང་གཞི་བརྟན་པོ་ཡོང་བ་བྱེད་པ་དེ་ཡིན་ལ། འབྱོར་འབྲིང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་པ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་དང་ནུས་ཤུགས་ཡོད་རྒུ་བཏོན་ནས་དཀའ་གནད་སེལ་བ་དང་། ཞན་ཆ་གསབ་པ། ཉམས་ཞན་སྟོབས་སྤེལ་བཅས་བྱེད་པར་སྐུལ་སློང་དང་ཁྲིད་སྟོན་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་དོན་སྙིང་ལྡན་པའི་དམ་བཅའ་ལེགས་པོར་བསྒྲུབ་དགོས་པར་བསྟན།   

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་ཚོགས་འདུ་ལ་གཙོ་སྐྱོང་གནང་བ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ་མ་ཟད། ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་། ཝང་ལིས་མིང་། དབྱང་ཧྥིན་ཁྲོན། ཀྲང་ལི། དབྱང་ཀྲི་ཝུན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་འགན་འཁུར་བས《རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་པ་བྱེད་པའི་མཚོ་སྔོན་གྱི2020ལོའི་བྱ་སྤྱོད་ཇུས་གཞིའི》ལ་གསལ་བཤད་བྱས་ཤིང་། ཟི་ལིང་དང་། མཚོ་ཤར། མཚོ་ལྷོ། མགོ་ལོག་སོགས་ས་ཁུལ་གྱི་འགན་འཁུར་བས་གཏམ་བཤད་སྤེལ་ལ། ཚོགས་འདུ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་པ་དང་གྲོང་ཁྱེར(ཁུལ)ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།