མཚོ་སྔོན་མཚོ་བོད་ཚན་རིག་རྟོག་ཞིབ་ལས་དོན་ལ་ཕྱོགས་ཡོངས་ནས་ཞུགས་པར་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་འགོ་ཚུགས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་རང་འགུལ་ངང་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་མཉམ་འདྲེས་བྱས་ཏེ་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་ཧུར་ཐག་གིས་ཞུགས་པས་ཚན་རིག་རྟོག་ཞིབ་ལས་དོན་ཁག་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། ཚན་རིག་རྟོག་ཞིབ་བྱེད་འགོ་ཚུགས་རྗེས་ཞིང་ཆེན་ཡོངས་ཀྱི་ཚན་ཞིབ་ལས་ཁུངས15དང་ཚན་ཞིབ་མི་སྣ278མཚོ་བོད་ཚན་རིག་རྟོག་ཞིབ་ཀྱི་ལས་འགན་ཆེ་གྲས་བཅུའི་ཆེད་དོན29ནང་ཞུགས་ཡོད་པ་རེད།

མཚོ་སྔོན་གྱིས“གླིང་སྣེའི་སྲུང་སྐྱོང”གི་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ཏེ། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་འགན་སྲུང་ལ་ཞབས་འདེགས་བྱེད་པར་དམིགས་ནས། མཚོ་བོད་ཚན་རིག་རྟོག་ཞིབ་ཕྱོགས་བསྡུས་ཞབས་ཞུའི་ཆ་འཕྲིན་མ་ལག་ཐེངས་གཉིས་པ་གསར་སྤེལ་དང་འཛུགས་སྐྲུན་བྱས་ནས། འབྲེལ་ཡོད་གཞི་གྲངས་ཐོན་ཁུངས་མཉམ་སྤྱོད་མངོན་འགྱུར་བྱུང་ཡོད། ཚན་རིག་རྟོག་ཞིབ་ལས་དོན་ལ་འདེགས་སྐྱོར་ནུས་ལྡན་བྱས་པ་དང་འབྲེལ“མཚོ་བོད་ཚན་རིག་རྟོག་ཞིབ་ཀྱི་གཞི་གྲངས་ཆེན་མོའི་ལྟེ་གནས”་འཛུགས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་དེ་བཞིན་མཚོ་ནུབ་དང་མཚོ་ལྷོ་ཁུལ་སོགས་ཚན་རིག་རྟོག་ཞིབ་གྲུབ་འབྲས་ཀྱི་དཔེ་སྟོན་རྟེན་གཞི་བསྐྲུན་རྒྱུར་འཆར་འགོད་དང་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད།     

2019ལོར། མཚོ་སྔོན་ཞིང་ཆེན་གྱིས་ཧྲིན་ཀྲང་གིས་ཙུའུ་ཀྲང་དང་ལས་བགོས་འགན་གཉེར་གྱི་ཧྲིན་ཀྲང་གཞོན་པས་ཙུའུ་ཀྲང་གཞོན་པའི་འགན་འཁུར་བའི་མཚོ་སྔོན་ཞིང་ཆེན་མཚོ་བོད་ཚན་རིག་རྟོག་ཞིབ་འགོ་ཁྲིད་ཚན་ཆུང་ཐེངས་གཉིས་པ་བཙུགས་ཏེ། མཚོ་སྔོན་ཞིང་ཆེན་མཚོ་བོད་ཚན་རིག་རྟོག་ཞིབ་ཞབས་ཞུ་དང་གྲུབ་འབྲས་གཞན་སྒྱུར་ལྟེ་གནས་བཙུགས་པ་རེད། མཚོ་སྔོན་ཞིང་ཆེན་མཚོ་བོད་ཚན་རིག་རྟོག་ཞིབ་འགོ་ཁྲིད་ཚན་ཆུང་ཐེངས་གཉིས་པའི་གཞུང་དོན་ཁང་གི་ཀྲུའུ་རེན་ནམ། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱི་ཐིན་ཀྲང་མོ་ཀྲུང་མིང་གིས་ངོ་སྤྲོད་བྱས་པ་ལྟར་ན། 2019ལོར། མཚོ་སྔོན་དུ་ཡོང་བའི་ཚན་རིག་རྟོག་ཞིབ་རུ་ཁག་སོ་སོས་གནམ་གཤིས་ནམ་ཟླ་དང་། ཆུའི་ཐོན་ཁུངས། སྣོད་བཅུད་མ་ལག སྐྱེ་དངོས་ཐོན་ཁུངས། ས་གཤིས་གཏེར་རྫས་སོགས་ཆེད་དོན27ལ་དམིགས་ནས་ཚན་རིག་རྟོག་ཞིབ་བྱས་པ་དང་། རིམ་རྩིས་བྱས་ན་ས་མཐོའི་སྐྱེ་དངོས་ཀྱི་མ་དཔེ4400ལྷག་དང་། ཆུ་དང་བྲག་རྡོ། ས་རྒྱུ་སོགས་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོ1800ལྷག་ཙམ་འཚོལ་བསྡུ་བྱས་ཡོད་ལ། དཔྱད་རྩོམ200ལྷག་ཙམ་སྤེལ་བ་དང་། དབང་ཆ་སྤྲད་པའི་ཁེ་བེད་བདག་ཐོབ30ལྷག་ཙམ་ཡོད་པར་མ་ཟད། ཕྱོགས་བདུན་གྱི་ཐད་ནས་ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་གལ་ཆེན་གསེད་བཀྲོལ་རགས་ཙམ་བྱས་ཡོད་པ་རེད། མིག་སྔར་ཞིང་ཆེན་ཕྱི་ནང་གི་ཚན་རིག་རྟོག་ཞིབ་མི་སྣ400ལྷག་ཁག(ཐེངས)33ལ་བགོས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)8དང་། རྫོང33། ས་ཁོངས178བཅས་སུ་ཚན་རིག་རྟོག་ཞིབ་ཀྱི་ལས་འགན་སྒྲུབ་བཞིན་ཡོད།

རྗེས་མར་མཚོ་སྔོན་ཞིང་ཆེན་གྱིས་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་བརྟེན་ནས། ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་པ་དང་། ལས་སྟེགས་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བ། ཚན་རིག་ཞིབ་འཇུག་གི་རྟེན་གཞི་གཏོད་པ། ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། གཙོ་གནད་རྣམ་གྲངས་ཇུས་འགོད་བྱེད་པ་སོགས་བརྒྱུད་དེ། མཚོ་བོད་ཚན་རིག་རྟོག་ཞིབ་དེ་མཚོ་སྔོན་གྱི་སྣོད་བཅུད་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འབྲེལ་མཚམས་སུ་འགྱུར་བར་བྱས་ནས། ལྗང་མདོག་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་འདེགས་སྐྱོར་བྱེད་ས་དང་། རྒྱལ་ཁབ་འཐབ་ཇུས་ཀྱི་འཇུག་སྒོ་དང་འདྲེས་པར་བྱས་ཏེ་མདོ་དབུས་མཐོ་སྒང་གི་འཐབ་ཇུས་ངེས་གནས་ལ་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།