མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ(རྒྱ་སྐྱེད)གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ(རྒྱ་སྐྱེད)གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོགས་རིང་གི་གསུང་བཤད་གལ་ཆེན་དང་། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་ཐེངས105པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། དམངས་འཐུས་ཚོགས་ཆེན་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་མཱ་ཝུའེ་དང་ཀའོ་ཧྭ། ཏང་ཙུའུ་ཡི་ཁོངས་མི་ཀྲུའུ་རེན་གཞོན་པ་ཉི་མ་སྒྲོལ་མ་དང་། ཉའོ་ཁྲེང་ཡུན། ཝུའུ་ཧའེ་ཁུན་བཅས་ཚོགས་འདུར་ཞུགས་པ་དང་། ཀྲུའུ་རེན་གཞོན་པ་ལིའུ་ཐུང་ཏེ་ཟུར་ཞུགས་གནང་ཡོད།

གྲོས་ཚོགས་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། རྣམ་པ་སྣ་མང་བརྒྱུད་ནས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ལྟེ་བའི་དོན་སྙིང་ཁོང་དུ་ཏན་ཏིག་ངང་ཆུད་པར་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས་ལ། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན། དེ་བཞིན་ཞིང་ཆེན་ཏང་ཨུ་བཅས་ཀྱི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ད་ལོའི་དམིགས་འབེན་དང་ལས་འགན་ཁག་ལེགས་འགྲུབ་བྱེད་པའི་ཐོག་གཅིག་གྱུར་བྱས་ཏེ། ངོས་འཛིན་གཅིག་མཐུན་སྔར་ལས་ལྷག་པར་ཡོང་བ་དང་ཡིད་ཆེས་བརྟན་པོ་ཡོང་བར་བྱས་ནས་བསམ་ཕྱོགས་གསལ་བཟོ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་གལ་ཆེན་དང་ཚད་བསྡུར་བྱས་ཏེ། དམངས་འཐུས་ཚོགས་ཆེན་གྱི་ལས་ཀའི་འཇུག་སྒོ་གནད་ལ་འཁེལ་བར་བྱས་ཏེ། ཁྲིམས་འཛུགས་དང་ལྟ་སྐུལ། དེ་བཞིན་འཐུས་མིའི་ལས་དོན་ལ་ཡང་བསྐྱར་ཇུས་འགོད་དང་བཀོད་སྒྲིག་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ་དང་། འགན་སྒྲུབ་ཕན་འབྲས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་འགན་ལེན་བྱེད་དགོས་པ་མ་ཟད། དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་ནན་ཏན་ངང་དམ་འཛིན་ཡག་པོ་བྱས་ཏེ་དམངས་དོན་ཁྲིམས་གཞུང་མང་ཚོགས་ཀྱི་ཉེ་འགྲམ་དུ་སྐྱོད་པ་དང་མང་ཚོགས་ཀྱི་སེམས་ནང་ཟུག་པར་བྱེད་དགོས་པ་དང་། ཚོགས་འདུ་གཉིས་ཀྱི་དགོངས་དོན་དྲིལ་བསྒྲགས་བྱེད་ཤུགས་རྒྱ་ཆེ་རུ་བཏང་ནས། ཚོགས་འདུ་གཉིས་ཀྱི་གཏམ་རྒྱུད་དང་། མཚོ་སྔོན་གྱི་གཏམ་རྒྱུད། འཐུས་མིའི་གཏམ་རྒྱུད་བཅས་སྔར་བས་གཏིང་ཟབ་ངང་བཤད་དགོས་ལ། མིག་སྔའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་སྤུས་ཚད་མཐོ་བའི་སྒོ་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཐུབ་པར་འགན་ལེན་བྱེད་དགོས། །

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།