ཡན་ཅིན་ཧེ་ཡིས་ཆུ་ལོག་སྔོན་འགོག་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་། ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིའུ་ཉིང་གི་བྱ་བའི་རེ་བ་ལྟར། ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་ཆུ་ལོག་སྔོན་འགོག་བྱ་བར་རྟོག་ཞིབ་བྱས་པ་དང་། ཡུལ་དངོས་ནས་ཏ་ཧྲི་མིན་དང་ཕན་ཏོ། ཧྲིན་ལིས་བཅས་ཆུ་མཛོད་འཁོར་སྐྱོད་དོ་དམ་དང་ལས་རེས། ཆུ་ལོག་སྔོན་འགོག་ཉེན་བརྡའི་རྐྱེན་སྲོལ་ལག་བསྟར་གནས་ཚུལ་བཅས་ལ་ལྟ་ཞིབ་བྱས།

ཡན་ཅིན་ཧེ་ཡིས་བསྟན་དོན། ཆུ་ལོག་སྔོན་འགོག་བྱེད་པར་ནམ་ཡང་འབད་འཐབ་བྱེད་དགོས། ད་ལོའི་ཆུ་འབབ་ཚད་དང་གནམ་གཤིས་ངན་པ་ཇེ་མང་དུ་སོང་བ་དང་། ཆུ་ལོག་སྔོན་འགོག་གི་གནས་བབ་ཛ་དྲག་དང་རྙོག་འཛིང་ཆེ་བས། ངེས་པར་དུ་སྔ་མོ་ནས་བཀོད་སྒྲིག་བཟང་བོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུ་ལོག་འགོག་པ་དང་གནོད་སྐྱོབ་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ལྟར། རང་འགུལ་གྱིས་འགན་འཁྲི་ལག་བསྟར་བྱེད་པ་དང་འགན་སྲུང་འགན་སྒྲུབ་བྱས་ནས། སྟོབས་ཤུགས་ཡོད་རྒུས་བདེ་འཇགས་ངང་ཆུ་འབབ་ཚད་མང་པའི་དུས་སྐབས་བརྒལ་བར་ཁག་ཐེག་བྱེད་དགོས་ཟེར།

ཡན་ཅིན་ཧེ་ཡིས་ནན་གྱིས་བསྟན་དོན། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། དུས་ཐོག་ཏུ་ཚེ་སྲོག་གཙོར་འཛིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། སེམས་ཆུང་དང་ཤེས་ཚོར་རྣོན་པོས་ཆུ་མཛོད་དང་ཞོད་རྫིང་། ཁྱེར་བསགས་ཆུ་རགས་སོགས་ཉེན་ཁ་འབྱུང་སླ་སར་དམ་དུ་དམིགས་ནས། ཞན་ས་ཁ་གསབ་བྱེད་པར་དམ་འཛིན་བྱེད་དགོས། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་ཉེན་བརྡར་ཤུགས་སྣོན་པ་དང་། ཆུ་འབབ་ཚད་དང་ཆུའི་གནས་ཚུལ། ཆུ་རྒྱས་པའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་དགོས། བཀོད་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། འབྲེལ་ཡོད་སྡེ་ཁག་གིས་འགན་ནུས་ལས་བགོས་ལྟར་རང་འགན་བསྒྲུབ་པ་དང་། ཕན་ཚུན་ཁ་གསབ་བྱེད་པ། སྲིད་འཛིན་དང་ལག་རྩལ། སྐོར་ཞིབ་སོགས་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། གནད་འགག་དུས་སུ་གནད་འགག་ནུས་པ་འདོན་སྤེལ་བྱེད་པར་ཁག་ཐེག་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།