ཉེ་ལམ་མཚོ་སྔོན་པོ་ལྗོངས་ཁུལ་གྱིས་གཟིགས་སྐྱོང་བྱེད་ཐབས་མང་པོ་བཏོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀྲུང་གོའི་ཡུལ་སྐོར་ཉིན་མོ་ཐོན་ལ་ཉེ་བའི་སྐབས་སུ། མཚོ་སྔོན་པོ་ལྗོངས་ཁུལ་གྱིས་སྔོན་ཆད་བཏོན་པའི་གཟིགས་སྐྱོང་བྱེད་ཐབས་མང་པོའི་རྨང་གཞིའི་སྟེང་། མུ་མཐུད་དུ་གཟིགས་སྐྱོང་བྱེད་ཐབས་མང་པོ་བཏོན་ནས། རང་ཞིང་གི“དམངས་ཕན་དང་ཁེ་ལས་དར་རྒྱས།བདེ་ཐང་འཛད་སྤྱོད”དང“མཚོ་སྔོན་པ་མཚོ་སྔོན་དུ་ཡུལ་སྐོར་བྱེད་པ”ཡི་བྱ་འགུལ་དོན་ཐོག་ཏུ་འཁྱོལ་བར་སྔར་བས་སྐུལ་འདེད་བྱས།

གསར་འགོད་པས་མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ5པའི་ཚེས18ཉིན་ནས་ཟླ6པའི་ཚེས30ཉིན་བར། རང་ཞིང་གི་ཡུལ་སྐོར་པས་གོ་ཆོད་དཔང་ཡིག་བཟུང་ནས་ཡོང་ན་ལྗོངས་ཁུལ་གྱི་དུས་གཞུང་མ་ཡིན་པའི་སྒོ་གླ(ནུར་ལྕེ་ལྗོངས་ཁུལ་གྱི་སྒོ་འཛིན་མི་རེར་སྒོར50ཡིན)ལོངས་སུ་སྤྱད་ཆོག ཟླ5པའི་ཚེས18ཉིན་ནས་ཟླ5པའི་ཚེས31ཉིན་བར། ཞིང་ཆེན་གཞན་པའི་ཡུལ་སྐོར་པས་གོ་ཆོད་དཔང་ཡིག་བཟུང་ནས་ཡོང་ན་ལྗོངས་ཁུལ་གྱི་དུས་གཞུང་མ་ཡིན་པའི་སྒོ་འཛིན་ལོངས་སུ་སྤྱད་ཆོག ཞིང་ཆེན་ཕྱི་ནང་གི་སློབ་གྲྭ་ན་ཡོད་པའི་སློབ་མས་ཐོབ་ཐང་ལག་ཁྱེར་རམ་སློབ་མའི་དཔང་ཡིག་བཟུང་ནས་ཡོང་ན་སྒོ་འཛིན་ཉོ་མི་དགོས།

རྨང་གཞི་དེའི་སྟེང་། 2020ལོའི་ཟླ12པའི་ཚེས31ཉིན་གྱི་སྔོན་དུ། རྒྱལ་ཡོངས(ཞང་ཀང་དང་ཨོ་མིན་ཐེ་ཝན་གསུམ་འདུས)ཀྱི་སྨན་བཅོས་འབྲེལ་ཡོད་དཔང་ཡིག་ཡོད་པའི་སྨན་བཅོས་མི་སྣ་དང་། རྒྱལ་ཡོངས་ཀྱི་གོ་ཆོད་དཔང་ཡིག་ཡོད་པའི་མི་དམངས་ཉེན་རྟོག་པ་དང་མེ་གསོད་པ་ཚང་མས་སྒོ་གླ་ཉོ་མི་དགོས་པར་མྱུར་མོར་ནང་དུ་བསྐྱོད་ཆོག སྐྱེས་ཁུངས་ཧུའུ་པེ་ཡིན་པའི་སྨན་བཅོས་མི་སྣ་དང་ཝུའུ་ཧན་ལ་རོགས་སྐྱོར་དུ་སོང་བའི་ས་ཆ་སོ་སོའི་སྨན་བཅོས་མི་སྣས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་སྨན་བཅོས་ཀྱི་འབྲེལ་ཡོད་ལས་གཉེར་ཐོབ་ཐང་དཔང་ཡིག འབྲེལ་ཡོད་ཀྱི་བདེན་དཔང་བཅས་བཟུང་ནས་ཡོང་བ་དང་། དེར་འགྲོགས་ནས་ཡོང་བའི་བཟའ་ཚང་དང་བུ་ཕྲུག ཕ་མ་བཅས་ཀྱིས་གོ་ཆོད་དཔང་ཡིག་བཟུང་ནས་ཡོང་ན་སྒོ་གླ་ཉོ་མི་དགོས་པར་མྱུར་མོར་ནང་དུ་བསྐྱོད་ཆོག

མཚོ་སྔོན་པོ་ལྗོངས་ཁུལ་གྱིས་སྒོ་འཛིན་གཟིགས་སྐྱོང་བྱས་པའི་རྨང་གཞིའི་སྟེང་། ད་རུང་འཛད་སྤྱོད་ཡར་སྐུལ་གྱི་གཟིགས་སྐྱོང་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད་པ་སྟེ། ཟླ5པའི་ཚེས18ཉིན་ནས་ཟླ5པའི་ཚེས31ཉིན་བར། ནུར་ལྕེ་ལྗོངས་ཁུལ་དུ་ཡོད་པའི་མཚོ་སྔོན་པོ་མགྲོན་ཁང་དང་མཚོ་སྔོན་པོ་ཁང་འཁོར་མགྲོན་ཁང་དུ་ཞག་འདུག་བྱེད་པའི་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་པ་ཚང་མས་རིན་གོང་བཅུ་ཆའི་ལྔ་མར་བཅག་པའི་གཟིགས་སྐྱོང་ལོངས་སུ་སྤྱད་ཆོག མཚོ་གྲུ་དང་ལྟ་སྐོར་རླངས་འཁོར་དུ་བསྡད་ན་ཡུལ་སྐོར་ཚོགས་པའི་གྲོས་འཆམ་རིན་གོང་ལོངས་སུ་སྤྱད་ཆོག མཚོ་གྲུ་དང་ལྟ་སྐོར་རླངས་འཁོར་དུ་བསྡད་པའི་སྤ་སེ་དང་མགྲོན་ཁང་གི་བྱང་བུ་བཟུང་སྟེ་ཏེ་ཁི་ཧྲི་ཟ་ཁང་ནས་ཟ་མ་ཟོས་ན་རིན་གོང་བཅུ་ཆའི་བདུན་མར་གཅོག་པའི་གཟིགས་སྐྱོང་དང་དབུགས་ལྒང་དུ་བསྡད་ན་རིན་གོང་བཅུ་ཆའི་བརྒྱད་མར་གཅོག་པའི་གཟིགས་སྐྱོང་ལོངས་སུ་སྤྱད་ཆོག་པ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།