སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་གཏུག་བཤེར་བྱ་དགའ་ ཁྱོན་ཡོངས་ནས་ལམ་ལུགས་ཅན་དུ་བསྒྱུར་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་གཏུག་བཤེར་བྱས་ན།དངོས་པོའི་བྱ་དགའ་ཡོད་པར་མ་ཟད།གཟི་བརྗིད་དཔང་ཡིག་དང་གཟི་བརྗིད་མཚན་སྙན་སོགས་ཀྱི་བསམ་བློའི་བྱ་དགའ་ཡང་སྟེར་རྒྱུ་རེད།སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཉེ་ཆར《སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་གཏུག་བཤེར་བྱེད་པར་བྱ་དགའ་སྟེར་བའི་ལམ་ལུགས་ལག་བསྟར་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུས་ཡོད)དཔར་འགྲེམ་བྱས་ཏེ།ས་ཆ་སོ་སོས་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་གཏུག་བཤེར་བྱེད་པར་བྱ་དགའ་སྟེར་བའི་ལམ་ལུགས་འཛུགས་པར་ཁྲིད་སྟོན་བྱས་པར་མ་ཟད།ས་ཆ་སོ་སོས་ས་གནས་ཀྱི་གཏུག་བཤེར་བྱ་དགའི་འབྲེལ་ཡོད་གཏན་འཁེལ་སྤྱི་ཚོགས་ཡོངས་ལ་སྤྱི་བསྒྲགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་བསྟན་དོན། ད་ལོའི་ཟླ6པའི་ཟླ་མཇུག་གི་སྔོན་དུ། ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་གཏུག་བཤེར་བྱ་དགའི་ལམ་ལུགས་བཙུགས་ནས་ལག་བསྟར་བྱེད་དགོས་པ་དང་།ད་ལོའི་ལོ་མཇུག་གི་སྔོན་ལ།ཆུས་བཙུགས་པའི་གྲོང་ཁྱེར་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་གཏུག་བཤེར་བྱ་དགའི་ལམ་ལུགས་འཛུགས་པར་མ་ཟད་ལག་བསྟར་བྱེད་དགོས།

《བསམ་འཆར》ནང་གཏུག་བཤེར་བྱ་དགའི་ལམ་ལུགས་ཀྱི་རྩ་བའི་རིགས་ལམ་དང་བྱ་དགའ་ལག་བསྟར་བྱེད་པའི་སྡེ་ཁག བྱ་དགའ་སྟེར་ཡུལ།བྱ་དགའ་སྟེར་བའི་ཆ་རྐྱེན།བྱ་དགའི་ཁྱབ་ཁོངས་དང་རྣམ་པ།ཁྲིམས་འགལ་ཁུངས་སྣེ་ལ་ཞིབ་བཤེར་གཏན་འབེབས་དང་ངོས་འཛིན་བྱེད་སྟངས།བྱ་དགའ་སྟེར་བའི་གོ་རིམ།གཏུག་བཤེར་མཁན་ལ་སྲུང་སྐྱོབ་བྱེད་སྟངས།ལམ་ལུགས་འགན་སྲུང་།མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་ཐབས།དྲིལ་སྒྲོག་གསོ་སྦྱོང་སོགས་ཀྱི་ཕྱོགས་ནས་བསམ་འཆར་བཏོན་ཡོད།

སྐྱེ་ཁམས་ཁོར་ཡུག་པུའུ་ཁྲིམས་སྐྱོང་ཅུས་ཀྱི་འབྲེལ་ཡོད་འགན་འཁྲི་མི་སྣས་བསྟན་དོན།《བསམ་འཆར》ནང་ཁེ་ལས་ནང་ཁུལ་གྱི་གནས་ཚུལ་ཤེས་པའི་མི་སྣས་གཏུག་བཤེར་བྱེད་དགོས་པ་དང་།གཏུག་བཤེར་བྱས་པ་བརྒྱུད་དེ་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་འབྱུང་བ་སྔོན་འགོག་དང་།སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་བདེ་འཇགས་སྐྱོན་ཆ་ཆེན་པོ་མེད་པར་བཟོ་བའམ།ཡང་ན་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་ཉེས་བསགས་གྱོད་དོན་ཆེན་པོ་རྩད་གཅོད་རོགས་བྱེད་པ་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས།གཏུག་བཤེར་མཁན་ལ་བྱ་དགའ་ཆེན་པོ་བྱིན་ཆོག་པར་མ་ཟད། ས་ཆ་སོ་སོས་གཏུག་བཤེར་བྱ་དགའི་ལམ་ལུགས་དེ་དངོས་པོའི་བྱ་དགའ་དང་བསམ་བློའི་བྱ་དགའ་མཉམ་འབྲེལ་བྱས་ཏེ།གཏུག་བཤེར་བྱ་དགའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ལ།ནང་སྒོས་སུ་བྱ་དགའ་སྟེར་བའི་གོ་རིམ་ཇེ་ལེགས་དང་སྟབས་བདེ་རུ་བཏང་ནས།སྒེར་གྱི་ཆ་འཕྲིན་བསྡུ་ཚད་ཇེ་ཉུང་དུ་གཏོང་བ་དང་གཏུག་བཤེར་མཁན་གྱི་སྒེར་གྱི་ཆ་འཕྲིན་ལ་སྦ་གསང་དམ་པོ་བྱེད་པ་དང་།བྱ་དགའི་དངུལ་འདང་ཚོད་སྤྲོད་དགོས་ལ།གློག་རྡུལ་གཏོང་སྤྲོད་སོགས་སྟབས་བདེའི་རྣམ་པ་ཅན་གྱི་བྱ་དགའ་སྟེར་སྟངས་འཚོལ་ཞིབ་བྱས་ཏེ།གཏུག་བཤེར་མཁན་གྱིས་བྱ་དགའ་ལེན་པར་སྟབས་བདེ་བཟོ་ཅི་ཐུབ་བྱེད་དགོས་པར་བསྟན་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།