ཝང་ཅན་ཅུན་དང་ལིག་ཉིང་གིས་མཚོ་སྔོན་འཐུས་མི་ཚོགས་པའི་ལས་བྱེད་མི་སྣ་ཡོངས་ལ་གཟིགས་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་གྲོལ་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། མཚོ་སྔོན་འཐུས་མི་ཚོགས་པའི་ཚོགས་གཙོ་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་། མཚོ་སྔོན་གྱི་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་ལིག་ཉིང་གིས་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་སྡོད་གནས་སུ་འཐུས་མི་ཚོགས་པའི་ལས་བྱེད་མི་སྣ་ཡོངས་ལ་བྱམས་བརྩེའི་ངང་གཟིགས་ཞིབ་གནང་ནས། ཚང་མར་གུས་འདུད་དང་ཐུགས་རྗེ་ཆེ་ཞུས་པ་རེད།

ཝང་ཅན་ཅུན་གྱིས་བརྗོད་དོན། ད་ལོ་ནི་དམིགས་བསལ་གྱི་ལོ་ཞིག་ཡིན་སྟེ། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཚོགས་རྒྱུ་ཕྱིར་འགྱངས་བྱས་པ་དང་། གྲོས་ཚོགས་འཚོགས་ཡུན་ཇེ་ཐུང་དུ་བཏང་བ། ལས་བྱེད་མི་སྣ་ཉུང་དུ་བཏང་ཡོད་ནའང་། ལས་འགན་སྔར་བཞིན་ཧ་ཅང་ལྕི་བོ་ཡོད་པས། འཐུས་མི་རྣམས་ཀྱིས་བློ་རྩེ་གཅིག་སྒྲིམ་ངང་གྲོས་ཚོགས་ཚོགས་པ་དང་ལས་བྱེད་མི་སྣས་ཞིབ་ཚགས་འཐུས་ཚང་སྒོས་བྱ་བར་འགན་འཁུར་བ་དང་། ཚང་མས་ཐུན་མོང་གི་དམིགས་འབེན་གཅིག་ལ་དམིགས་ཡོད་པས་བྱ་བའི་གོ་རིམ་ཡོངས་བརྗེད་དཀའ་བ་ཞིག་རེད། ཕན་ཚུན་ལ་གཞོགས་འདེགས་བྱས་པ་ཧ་ཅང་ཕུན་སུམ་ཚོགས་པ་དང་། ཕྱར་བ་གྲུ་འདེགས་བྱས་པས་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་མཚོན་པའི་རྣམ་པ་མངོན་ཡོད་ལ། འཐུས་ཚབ་ཚོགས་པའི་བྱ་བའི་ལས་ཁུངས་སོ་སོའི་ཁོངས་མི་ཡོངས་ཀྱིས་སྤོབས་པ་ཆེན་པོས་ཚོགས་འདུར་ཞུགས་པ་དང་། ཚོགས་འདུའི་སྔ་གཞུག་གང་རུང་དུ་གྲ་སྒྲིག་དང་ཇུས་གཞི་བཟོ་བ། བྱ་བ་ཞིབ་ཚགས་ཀྱིས་རང་འགན་ནན་སྒྲུབ། ལྷག་བསམ་རྣམ་དག་གིས་མཐུན་སྒྲིལ་དང་རོགས་སྒྲུབ་དམ་ཟབ་བྱས་པ་མ་ཟད། ཚོགས་དོན་རྒྱབ་ཕྱོགས་མཁོ་སྒྲུབ་ཚན་ཆུང་གིས་སེམས་ཤུགས་ཡོད་རྒུ་བཏོན་ནས་རྒྱབ་ཕྱོགས་ཀྱི་དཔའ་བོ་གནང་ཞིང་། རྒྱུ་ཆ་གནད་ཞུ་ཚན་ཆུང་གིས་དཀའ་ཚེགས་ལ་མ་འཛེམ་པར་གནད་དུ་འཁེལ་བའི་གྲོས་གཞི་བྲིས་པ་དང་། གྲོས་གཞི་དང་བསམ་འཆར་འབྲེལ་གཏུག་ཚན་ཆུང་གིས་དམ་དུ་སྦྲེལ་བའི་བརྒྱུད་འདྲེན་བྱས་ཏེ་འཐུས་མིའི་བསམ་འདུན་མཚོན་པར་བྱས། གསར་འགྱུར་དྲིལ་བསྒྲགས་ཚན་ཆུང་གིས“ནུས་པ་བཞི”ལག་ལེན་དུ་བསྟར་ནས་མཚོ་སྔོན་གྱི་ཉམས་འགྱུར་མངོན་པར་བྱས། བདེ་འཇགས་སྲུང་སྐྱོང་ཚན་ཆུང་དང་རིམས་ནད་སྔོན་འགོག་ཚོད་འཛིན་ཚན་ཆུང་གིས་ཞབས་ཞུ་ཞིབ་ཚགས་ཀྱིས་བསྒྲུབས་ཏེ་ཚང་མ་བདེ་ཐང་ཡོང་བར་འགན་ལེན་བྱས་པས། འཐུས་མིས་འགན་འཁྲི་ནན་ཏན་ངང་བསྒྲུབ་རྒྱུར་འགན་ལེན་བྱས་པ་དང་ཚོགས་ཆེན་བདེ་ལེགས་ངང་ལེགས་འགྲུབ་ཡོང་བར་ལེགས་སྐྱེས་ཕུལ་ཡོད། ཕྱིར་ལས་གནས་སུ་ལོག་རྗེས། དམིགས་བསལ་ཉམས་སད་ཁྲོད་ཀྱི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་བསྡོམས་བཟང་པོ་དང་། རྒྱུན་འཛིན་བཟང་པོ། དར་སྤེལ་བཟང་པོ་བཅས་བྱས་ཏེ་མུ་མཐུད་དུ་རང་འགན་གཙང་སྒྲུབ་དང་ལས་དོན་བཟང་པོ་སྒྲུབ་དགོས་པར་བསྟན།

 ལིག་ཉིང་གིས་བརྗོད་དོན། ད་ཐེངས་ཀྱི་ཚོགས་ཆེན་བདེ་ལེགས་ངང་ལེགས་འགྲུབ་བྱུང་ཡོད་པ་དང་། མཚོ་སྔོན་འཐུས་ཚབ་ཚོགས་པའི་འཐུས་མི་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རང་འགན་གཙང་སྒྲུབ་ནན་ཏན་བྱས་པ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ནས་གྲོས་ཚོགས་ཀྱི་ལས་འགན་ཁག་གཟེངས་སུ་ཐོན་པའི་ངང་ལེགས་འགྲུབ་བྱུང་བ་དང་། རྒྱལ་ཁབ་དང་མི་དམངས་ལ་མཚོ་སྔོན་མི་རིགས་ཁག་གི་མི་དམངས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་དགའ་ཞེན་དང་རེ་སྒུག་མཚོན་པར་བྱས་ཡོད། དེ་ནི་འཐུས་མི་ཚོགས་པའི་ལས་བྱེད་མི་སྣ་ཡོངས་ཀྱི་ཐུན་མོང་གི་འབད་བརྩོན་དང་ཁ་འབྲལ་ཐབས་མེད། ཚོགས་ཆེན་ཚོགས་པའི་སྐབས་སུ། ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་ནུས་ཤུགས་བཏོན་པ་དང་དཔུང་གདང་གཅིག་ཏུ་སྦྲེལ་ནས་མདུན་དུ་སྐྱོད་པ། གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་བྱ་གཞག་ཁག་རེ་རེ་བཞིན་སྤེལ་བ་བཅས་བྱས་པས། ཞབས་ཞུའི་འགན་སྲུང་བྱ་བ་ཕན་ནུས་ཆེན་པོའི་སྒོ་ནས་ལེགས་པར་སྒྲུབ་པའི་དུས་མཚུངས་སུ་བྱེད་ཐབས་གསར་པ་འཚོལ་ཞིབ་དང་། ཉམས་མྱོང་གསར་པ་གསོག་འཇོག་བྱས་ནས་སྤྱོད་ཚུལ་བཟང་པོ་མངོན་པར་བྱས་ཡོད། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་སྡོམ་དང་། གསར་གཏོད། དར་སྤེལ་བཟང་པོ་བཅས་བྱ་རྒྱུའི་རེ་བ་ཡོད་པ་དང་། མ་འོངས་པའི་བྱ་བའི་ཁྲོད་ལག་ལེན་དང་བེད་སྤྱོད་གང་ལེགས་བྱས་ཏེ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་བསྐྲུན་པ་དང་ལེགས་སྐྱེས་གསར་པ་འབུལ་དགོས་པར་བསྟན། 

ཀྲང་ཀོང་རུང་། ཐིན་ཅ་ཚའེ་བཅས་ལྷན་དུ་གཟིགས་ཞིབ་གནང་བར་ཕེབས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།