མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་དུས་རབས་གསར་པའི་དམངས་སྲིད་བྱ་གཞག་གསར་གཏོད་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་སྐུལ་འདེད་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་དུས་རབས་གསར་པའི་དམངས་སྲིད་བྱ་གཞག་གསར་གཏོད་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་སྐུལ་འདེད་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། ཚོགས་འདུའི་སྟེང་《ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་རབས་གསར་པའི་དམངས་སྲིད་བྱ་གཞག་གསར་གཏོད་འཕེལ་རྒྱས་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར》གཙོ་གནད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་བའི་ཐད་སྐུལ་སློང་བཀོད་སྒྲིག་བྱས་པ་རེད། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཚོགས་འདུར་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་བ་རེད།

ཁོང་ཡུང་གིས་བསྟན་དོན། 《བསམ་འཆར》བཏོན་པ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། རྒྱལ་ཡོངས་ཀྱི་དམངས་སྲིད་ཚོགས་འདུ་ཐེངས་བཅུ་བཞི་པ་དང་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཚོགས་འདུ་ཐེངས་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་ལ། མཚོ་སྔོན་གྱི་དམངས་སྲིད་ལས་དོན་གྱི་ཞན་ཆ་ཁ་གསབ་དང་། སྤུས་ཀ་ཇེ་ལེགས་སུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བ་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱེད་དགོས་པའི་བྱ་གཞི་གལ་ཆེན་ཞིག་ཀྱང་ཡིན། ས་གནས་སོ་སོའི་སྡེ་ཁག་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་མཐོར་གཏོང་བ་དང་། དམངས་སྲིད་ལས་དོན་དེ་དམངས་འཚོ་དང་འབྲེལ་བ་ཡོད་པ་དང་དམངས་སེམས་དང་འབྲེལ་བའི་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ལག་བསྟར་དོན་འཁྱོལ་བྱ་བ་དམ་འཛིན་བཟང་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་དུས་རབས་གསར་པའི་དམངས་སྲིད་ལས་དོན་གྱི་མཚོ་སྔོན་གྱི་དཔེ་མཚོན་གཏོད་དགོས་པར་བསྟན།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་དམངས་སྲིད་བྱ་གཞག་གསར་གཏོད་དང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། “གཅིག་སྡུད་གསུམ་དང་རྨང་གཞི་གསུམ་”ལག་བསྟར་བྱེད་པའི་ཐད་ཤུགས་རྒྱག་པ། དམངས་སྲིད་ལས་དོན་ཁག་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་ཟམ་མི་ཆད་པར་སྐོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་དབུལ་ཐར་འགག་སྒྲོལ་གྱི་མཐའ་སྐྱོང་འགན་ལེན་ཐད་ཤུགས་རྒྱག་དགོས་པ་དང་། འབྲེལ་ཡོད་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ་མཐའ་སྐྱོང་འགན་ལེན་གྱི་ལས་འགན་ཁག་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས། “དཀའ་གནད་སེལ་བ། ཞན་ཆ་གསབ་པ། མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ། རྨང་གཞི་ཇེ་བརྟན་དུ་གཏོང་བ་”བཅས་ཀྱི་ཐད་ཤུགས་རྒྱག་དགོས། སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་བསྣན་ནས་དམངས་སྲིད་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བའི་དུས་མཚུངས་སུ་དྲིལ་བསྒྲགས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་དོན་འཁྱོལ་བྱ་བ་དམ་འཛིན་བཟང་པོ་བྱེད་དགོས་པར་བསྟན།

ཚོགས་འདུའི་སྟེང་ཞིང་ཆེན་དམངས་སྲིད་ཐིན་དང་། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིན། དེ་མིན་ད་དུང་ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་ཁུལ་སྲིད་གཞུང་བཅས་ཀྱིས་གཏམ་བཤད་སྤེལ་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།